འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིམ་པ་མཐོ་ཤོས་ཀྱི་བོད་ལུགས་གསོ་རིག་སློབ་གླིང་གིས་རབ་འབྱམས་པ་200
    ལྷག་ཙམ་གསོ་སྐྱོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་སློབ་གསོ་པུས་ཆོག་མཆན་སྤྲད་པའི་གཞུང་བཙུགས་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གྲྭ་འབའ་ཞིག་ཡིན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་ཚེས་6ཉིན་སློབ་ཐོན་མཛད་སྒོ་འཚོགས་ཤིང་། ཚོགས་འདུའི་ཐོག་རབ་འབྱམས་ཞིབ་འཇུག་སློབ་མ་24ལ་སློབ་ཐོན་ལག་ཁྱེར་རག་པ་དེ་ཐོག་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་གསོ་སྐྱོང་བྱས་པའི་རབ་འབྱམས་པ་212ཟིན་ཡོད།
           1999ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མི་རིགས་གསོ་རིག་(བོད་ལུགས་གསོ་རིག)ལ་རབ་འབྱམས་པའི་སློབ་གནས་སྤྲོད་རྒྱུའི་ཆོག་མཆན་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གླིང་གི་ཞིབ་འཇུག་སློབ་མའི་སློབ་གསོས་གསར་གཏོད་སྙིང་སྟོབས་ལྡན་པ་དང་ཚན་རིག་ཞིབ་འཇུག་དང་། སློབ་ཁྲིད། ནད་ཐོག་སྨན་བཅོས། དོ་དམ་སོགས་ཀྱི་ལས་ཀའི་འཇོན་ཐང་ལྡན་པའི་མཐོ་རིམ་རིག་གཞུང་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ཡོད།
          བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་སི་ཁྲོན་དང། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ནས་སློབ་མ་བསྡུ་ཡི་ཡོད། སི་ཁྲོན་ནས་ཡིན་པའི་རབ་འབྱམས་སློབ་ཐོན་སློབ་མ་སྐར་མ་ལྷ་མོས་སྦྱོང་བའི་ཆེད་ལས་ནི་མཆིན་པའི་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་ཡིན་པ་དང་ཁོ་མོས་བྲིས་པའི་སློབ་ཐོན་དཔྱད་རྩོམ་ལ་ཕུལ་བྱུང་དཔྱད་རྩོམ་གྱི་འབྲས་བཟང་ཐོབ་ཡོད། སྐར་མ་ལྷ་མོས་རང་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་འདོད་འདུག་ཅེས་བཤད།
          བོད་ལུགས་གསོ་རིག་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡིན་ལ་རང་རྒྱལ་གྱི་མི་རིགས་གསོ་རིག་བང་མཛོད་ནང་གི་མཆོག་ནོར་ཞིག་ཀྱང་ཡིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས་ངེད་ཚོའི་སློབ་གླིང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་སྐྱོང་བའི་མཐོ་རིམ་སློབ་གླིང་ཡིན་པའི་ངོས་ནས་ལོ་28ཀྱི་སློབ་གཉེར་ལམ་བུའི་ཁྲོད་དངོས་གཞིའི་ཚན་ཁག་གི་སློབ་གསོ་གཙོ་བོར་བྱེད་པ་དང་ཞིབ་འཇུག་སློབ་མའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རིམ་པ་མང་བའི་སློབ་གསོའི་མ་ལག་ཅིག་བཏོད་ཡོད་ཅེས་བཤད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།