འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་དང་བླངས་པས་གཙང་གསུམ་ཆུ་འགོ་མཉམ་དུ་སྲུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་ཞིང་། དེ་ཉིན་སྔ་དྲོར། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་སྣོད་བཅུད་དང་བླངས་པ་བརྒྱ་གྲངས་ཁ་ཤས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་འཛོམས་ཏེ་གཙང་གསུམ་ཆུ་འགོ་མཉམ་དུ་སྲུང་ནས་དེ་གའི་སྲོག་ཆགས་དང་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་བཞག་པ་རེད།
          རྨ་ཆུའི་ཆུ་འགོའི་ཉེ་འགྲམ་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ནས་ཡིན་པའི་དང་བླངས་པ་རྒྱལ་མཚན་གྱིས་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང་། ཡུལ་དེར་ས་སྐྱེས་རྡོ་སྐྱེས་ཡིན་པའི་ང་ལ་ཆུ་བོའི་སྨད་རྒྱུད་གཙང་མ་ཡོང་ཆེད་ཆུ་འགོ་ཡག་པོ་སྲུང་བའི་འགན་འཁྲི་ཡོད་ཅེས་བཤད་པ་རེད།
          ཧྲང་ཧའེ་ནས་ཡིན་པའི་སྣོད་བཅུད་སྲུང་སྐྱོང་དང་བླངས་པ་ཝང་ཤིན་གྱིས་འབྲི་ཆུའི་མཚོ་ཁའི་གྲོང་ཁྱེར་དུ་སྐྱེས་པའི་ངས་ཉིན་ལྟར་འཐུང་བའི་དྭངས་གཙང་གི་ཚྭ་མེད་ཆུ་ནི་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་འཁྱག་རོམ་དང་རྩྭ་ཐང་གི་བརླན་ས་ལས་འབབ་ཀྱི་ཡོད། ཆུ་འཐུང་དུས་ཆུ་འགོ་དྲན་པ་བཞིན་གཙང་གསུམ་འབབ་རྒྱུད་ཀྱི་སྐྱེ་བོ་མི་རེ་ངོ་རེས་ཆུ་འགོའི་ས་ཁུལ་རྒྱུས་མངའ་ལོན་པ་དང་དེར་དོ་ཁུར་བྱེད་དགོས་ཀྱི་རེད་ཅེས་གསར་འགོད་པར་བཤད།
         མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གསར་འགྱུར་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་ཆི་དབན་ཅེས་དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་ཞན་དུ་སོང་བ་ནས་བཟུང་། ཡུལ་དེ་གའི་འབྲོག་པ་དང་རྒྱལ་ཡོངས་ས་གནས་ཁག་གི་དམངས་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རང་མོས་བྱ་སྤྱོད་སྤེལ་ནས་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི“ཚེ་སྲོག་གི་འབྱུང་རྩ”བསྲུངས་ཡོད། ན་ནིང་ཟླ་4པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བཙུགས་རྗེས་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་མཁན་ཕྱི་རྒྱལ་གྱི་དང་བླངས་པའང་ཇེ་མང་དུ་སོང་ཡོད་ཅེས་བཤད།
         མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་འབྲོག་པ་ཚེ་རིང་ཉི་མས་སྣོད་བཅུད་སྲུང་སྐྱོང་ལས་ལ་གཞོལ་ནས་བགྲང་བྱ་5སོང་ཞིང་། 2012ལོར་རང་མོས་ངང་རི་སྐོར་རུ་ཁག་སྒྲིག་འཛུགས་བྱས་པ་ནས་བཟུང་ཁོང་དང་གྲོང་ཚོའི་འབྲོག་པས་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་སྐོར་ཞིབ་སྤྱི་ལེ་ཁྲི་10ལྷག་ཙམ་བྱས་ནས་སྣོད་བཅུད་ཀྱི་ཁྲིམས་འགལ་བྱེད་སྤྱོད་མང་པོ་ཞིག་བཀག་འགོག་དང་གོང་ཞུ་བྱེད་རིང་ཁོང་ཚོ་རང་ཉིད་ཀྱིས་ཉོས་པའི་ལག་བརྒྱུད་ཕི་ཁ་རླངས་འཁོར་3སྐྱོན་ཤོར་ནས་བེད་མེད་དུ་གྱུར་ཡོད།
         “ཚང་མས་ཆུ་འགོ་གཅིག་གི་ཆུ་འཐུང་གི་ཡོད་པས་གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱ་རྒྱུ་ནི་ཡུལ་དེ་གའི་མི་ཁོ་ནའི་འགན་འཁྲི་མ་ཡིན”ཞེས་ཁྲུང་ཆིང་ནས་ཡིན་པའི་སྣོད་བཅུད་སྲུང་སྐྱོང་དང་བླངས་པ་ལི་དབྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ཉེ་བའི་ལོ་གསུམ་རིང་ལོ་ལྟར་འཁོར་ཞག་སྐབས་གྲོགས་པོ་དང་མཉམ་དུ་ཡུལ་ཤུལ་དང་མགོ་ལོག་སོགས་སུ་ཡོང་ནས་ཡུལ་དེ་གའི་གཙང་པོ་དང་། ཆུ་བོ། རི་བོ་བཅས་རྒྱུད་དུ་གད་སྙིགས་སྒྲུག་རྗེས་གད་སྙིགས་རྣམས་ཐག་ཉེ་སའི་གྲོང་ཁྱེར་དུ་དབོར་གྱི་ཡོད། ངས་ད་དུང་དྲ་ཚིགས་ཤིག་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་བྱེད་སྐབས་ཀྱི་མཐོང་ཐོས་ཚང་མ་པར་དང་ཡི་གེའི་ཐོག་ནས་དེའི་ཐོག་བཀོད་དེ་མང་ཚོགས་དེ་བས་མང་བས་ས་ཁུལ་འདིར་རྒྱུས་མངའ་ལོན་པ་དང་དོ་ཁུར་ཐོབ་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།