འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ཟླ་བདུན་པར་མཚོ་སྔོན་དུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མདོ་པ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་འཚོགས་པའི་སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་མཐུན་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་འདི་ལོའི་ཟླ་བདུན་པར་མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དུ་བྱ་རྒྱུ་དང་འགྲན་བསྡུར་ཁྱོན་ཉིན་14བྱ་རྒྱུ་ཡིན་པ་རེད།
         སྐབས་འདིའི་རྐང་འཁོར་གྱི་འགྲན་ལམ་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར། མཚོ་བྱང་ཀྲོའུ་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་ཉིང་ཞ་ཀྲོའུ་དང་། ཏིང་ཤིས་གྲོང་ཁྱེར། ཐེན་ཧྲུའེ་གྲོང་ཁྱེར། ཕིང་ལེང་གྲོང་ཁྱེར་བཅས། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་དང་ཀྲུང་ཝུའེ་གྲོང་ཁྱེར་སོགས་བརྒྱུད་རྒྱུ་རེད། འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ཆུས་སུ་འཚོག་རྒྱུ་དང་མཇུག་འགྲིལ་མཛད་སྒོ་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝུའེ་གྲོང་ཁྱེར་དུ་འཚོག་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ནང་མིང་ཐོ་འགོད་མཁན་གྱི་རྐང་འཁོར་རུ་ཁག་60ཡོད་པའི་ནང་ཀྲོའུ་ཆེན་པོ་ལྔ་ཡི་རྒྱལ་ཁབ་དང་ས་ཁུལ་17གྱི་རུ་མི་ཡོད་ལ་མཐར་ཆེད་ལས་རྐང་འཁོར་རུ་ཁག་20ལྷག་ཙམ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲན་བསྡུར་ལས་སྟེགས་སུ་བྱས་ཏེ་རིམ་པ་དེ་བས་མཐོ་བ་དང་ཁྱབ་རྒྱ་དེ་བས་ཆེ་བའི་ནང་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་དང་དེ་བཞིན་འགྲན་བསྡུར་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་དྲིལ་བསྒྲགས་བྱས་ཏེ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་རྒྱལ་ཁབ་ཕྱི་ནང་གི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད་བྱུང་།
         ཀྲང་ཉིང་གིས“སྐབས་འདིའི་འགྲན་བསྡུར་ལམ་རྒྱུད་དེ་ནུབ་རྒྱུད་ཀྱི་མིང་གྲགས་མཛེས་ལྗོངས་ཁུལ་མང་པོ་ཞིག་བརྒྱུད་རྒྱུ་དང་མི་རིགས་རིག་གནས་ཀྱི་རྣམ་པ་ཟབ་མོ་དེ་ད་ཐེངས་འགྲན་བསྡུར་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་སུ་འགྱུར་རྒྱུ་དང་འབྲེལ་ཐུན་མིན་གྱི་ནུས་པའང་འདོན་སྤེལ་ཐུབ་རྒྱུ་མ་ཟད། ནུབ་རྒྱུད་ཀྱི་མཛེས་ལྗོངས་དང་མི་རིགས་ཀྱི་སྣ་མང་རིག་གནས་འཛམ་གླིང་ལ་འོས་སྦྱོར་ངོ་སྤྲོད་ཐུབ་རྒྱུ་རེད”ཅེས་བརྗོད།
         མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་2002ལོར་འགོ་ཚུགས་པ་དང་དེ་ནི་ཨེ་ཤེ་ཡའི་རྐང་འཁོར་འགྲན་བསྡུར་རྩེ་གྲ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།