འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་བཙུགས་སློབ་གྲྭས་ཀྱང་ཁྲིམས་ལྟར་སློབ་གཉེར་དང་ཚད་ལྡན་སློབ་གཉེར་བྱ་རྒྱུ་
    མཐའ་འཁྱོངས་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཧེང་ཧྲུའེ་སློབ་འབྲིང་དང་པོས་ཀྲེ་ཅང་ཕིང་ཧུའུ་རུ་ཡན་ལག་སློབ་གྲྭ་གཉེར་བར་དོ་ཁུར་རྒྱ་ཁྱབ་བྱུང་བ་དང་སློབ་གྲྭ་དེས་སྒྲིག་སྲོལ་ལས་འགལ་ཏེ་སྔོན་ཚུད་ནས་སློབ་མ་བསྡུས་པའི་གནས་ཚུལ་ལ་ཕྱོགས་མང་པོས་གྲོས་བསྡུར་བྱས་ཡོད། གནས་ཚུལ་དེ་གཅིག་པུ་མིན་པར། ཟླ་4ཚེས་13ཉིན་སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་དཔེ་མཚོན་རང་བཞིན་གྱི་གཙོ་གནད་མཐོ་རིམ་སློབ་འབྲིང་མན་དབྱང་ནན་ཧྲན་སློབ་འབྲིང་གི་དགེ་རྒན་གྱིས་ཀྱང་ས་གནས་དེ་གའི་སློབ་གསོ་ཅུས་དང་ལུས་རྩལ་ཅུས་ཀྱིས་སློབ་གྲྭ་དེའི་སྒྲིལ་འགལ་སློབ་བསྡུའི་དྲིལ་བསྒྲགས་ལ་བརྡ་ཁྱབ་བཏང་བར་རྒོལ་གཏམ་བཏང་བ་རེད།
         སྒྲིག་འགལ་སློབ་བསྡུའི་བྱེད་སྤྱོད་ལ་འགྲེལ་བཤད་གང་ཞིག་རྒྱག་དགོས་ཞེ་ན། “གྲགས་ཅན་སློབ་གྲྭས་དམངས་བཙུགས་སློབ་གྲྭ་གཉེར་ཚེ”ལུགས་དང་མཐུན་ནམ། དེའི་ཐད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བར་ཆེད་མངགས་བཅར་འདྲི་བྱས།
        འགན་འཁུར་བ་དེས“ང་ཚོས་འབྲེལ་ཡོད་དོན་རྐྱེན་ལས་ཐོན་པའི་གྲོས་བསྡུར་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ནི་སློབ་མ་ན་སོ་དར་ལ་མ་བབས་པ་ནས་དར་མར་འཚར་ལོངས་དང་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འགྲུབ་པའི་འགག་རྩའི་དུས་ཤིག་ཡིན་པས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གལ་འགངས་ཆེ་བའི་ནུས་པ་ལྡན་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཆ་མཚོན་ན། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་སློབ་མ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་ལས་འགན་ཨང་དང་པོར་བཞག་སྟེ་སློབ་མ་འཚར་ལོངས་ཀྱི་ཆོས་ཉིད་དང་སློབ་གསོའི་ཆོས་ཉིད་བརྩི་སྲུང་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་བརྟེན་ནས་མི་ཡག་པོ་ཞིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་སྟེ་སློབ་མའི་ཚེ་གང་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས”ཞེས་བརྗོད།
         ས་གནས་སློབ་གསོའི་སྲིད་འཛིན་སྡེ་ཚན་ངོས་ནས་བརྗོད་ན། མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སློབ་གྲྭ་ཁྱད་ལྡན་ཞིག་གཉེར་རྒྱུར་སྐུལ་ལྕག་བྱས་ནས་སློབ་མའི་སྣ་མང་ཅན་གྱི་འཕེལ་རྒྱས་དགོས་མཁོ་སྐོང་དགོས། ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་སློབ་གྲྭ་མི་རེ་ངོ་རེ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་ཚུལ་ལྡན་གྱི་འགྲན་རྩོད་ལ་ཆ་རྐྱེན་བཟང་པོ་བསྐྲུན་ཏེ་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་རྒྱུན་ཆད་མེད་པར་གཏོད་དགོས།
         འགན་འཁུར་བ་དེས་ཧེང་ཧྲུའེ་སློབ་འབྲིང་དང་པོས་ཀྲེ་ཅང་ཕིང་ཧུའུ་རུ་ཡན་ལག་སློབ་གྲྭ་གཉེར་བར་གྲོས་བསྡུར་བྱུང་བ་དེས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདང་གི་མེད་པ་དང་། སློབ་བསྡུའི་ཡིག་རྒྱུགས་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ། སློབ་གྲྭའི་སློབ་གཉེར་བྱེད་ཐབས་སྔར་བས་ཚད་ལྡན་དུ་གཏོང་དགོས་པ་སོགས་ཀྱི་གནད་དོན་མངོན་གྱི་ཡོད། སློབ་གསོ་པུའུ་ཡིས་བློ་བརྟན་འགྱུར་མེད་ངང་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དུ་འགག་སྒྲོལ་འཆར་གཞི་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྦྱངས་འབྲས་ཆུ་ཚད་ཀྱི་ཡིག་རྒྱུགས་དང་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་བྱ་རྒྱུ་ཟུང་འབྲེལ་བྱེད་པ། རིགས་དབྱེའི་ཡིག་རྒྱུགས་དང་། ཕྱོགས་བསྡུས་གདེང་འཇོག ཕྱོགས་མང་སློབ་བསྡུ་སོགས་ཀྱི་སློབ་མ་བསྡུ་སྟངས་རིམ་བཞིན་འཛུགས་པ། རྒྱ་ཆེའི་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་གི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།