འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་སྙན་ཞུ་ཚོགས་པས་པེ་ཅིང་
    དུ་སྐོར་སྐྱོད་སྒྲོག་གྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་ནི་ང་ཚོའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་ངེས་པར་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཀྱི་ཡོད། ང་ཚོར་ཡང་བསྐྱར་སྙན་ཞུ་ཐེངས་གཅིག་བྱས་ན་འགྲིག་གམ”ཞེས་ཚེས་16ཉིན་མཚོ་སྔོན་ཞིང་ཆེན་གྱི“‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་ནམ་ཡང་གནས་པར་བྱེད་པའི”སྙན་ཞུ་ཚོགས་པའི་ཁོངས་མི་ཀྲུའུ་ཞའོ་ཏུང་ལ་སླར་ཡང་ཁ་པར་དེ་ལྟར་མང་པོ་འབྱོར་ཡོད་པ་དང་། ཁོང་གིས“པེ་ཅིང་ནི་ང་ཚོས་ད་ཐེངས་རྒྱལ་ཡོངས་སུ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པའི་ས་ཚུགས་མཐའ་མ་དེ་ཡིན། ཐོག་མའི་འཆར་གཞི་ལྟར་ན་ཟླ་འདིའི་ཚེས་14ཉིན་མཇུག་འགྲིལ་རྒྱུ་ཡིན་མོད། འོན་ཀྱང་། གདན་འདྲེན་ཞུ་མཁན་ཚན་པ་དང་ཚོགས་པ་ཧ་ཅང་མང་བས་མིག་སྔར་ཚེས་19ཉིན་བར་ནར་འགྱངས་བྱས་པ་ཡིན”ཞེས་ལན་བཏབ་པ་རེད།
        ཟླ་4པའི་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། སྦྱར་ལྕང་འདབ་མ་སྔོ་ལྗང་དུ་གྱུར་བའི་དུས་སུ་མཚོ་བོད་ས་མཐོ་ནས་ཡོང་བའི་ཆ་སྙོམས་ལོ་ཚད་30ཡང་མ་ཟིན་པའི་ན་གཞོན་13རྒྱལ་ཁབ་པུའུ་ཨུད་དང་། སློབ་གྲྭ གཞི་རིམ་བཅས་དང་དེ་བཞིན་པེ་ཅིང་གི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་ནས་ཁོང་ཚོའི་བྱ་སྤྱོད་དང་སྐད་སྒྲར་བརྟེན་ནས་སྙིང་སྟོབས་ཤིག་སྒྲོག་འགྲེལ་བྱས་ནས་སེམས་འགུལ་ཐེབས་སུ་བཅུག་པ་རེད། 
         “དེ་ནི་ངས་སྤོ་བོ་ཀུའོ་ཡུང་ཧོའེ་ཡི་མཛད་རྗེས་ཐོས་ཐེངས་དང་པོ་ཡིན། ཁོང་གིས་ཆ་རྐྱེན་ལེགས་པའི་ཕྱི་རྒྱལ་གྱི་འཚོ་བ་བློས་བཏང་ནས་མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་བློ་ཐག་ཆོད་པོས་རྒྱལ་ནང་དུ་ལོག་ཡོད། ལྷག་པར་དུ་ཨ་ཅག་ལགས་ཀྱིས་བརྗོད་པར་གཞིགས་ན། ཁོང་འཆི་ཁར་ཐུག་ཀྱང་རང་ཉིད་ཀྱི་ལུས་པོས་དཔྱད་གཞིའི་ཡིག་རིགས་བླུགས་པའི་གཞུང་ཡིག་ཁུག་མ་སྲུང་སྐྱོང་གནང་བ་ཐོས་སྐབས་ང་དང་ཉེ་འཁོར་གྱི་སློབ་གྲོགས་མང་པོར་སེམས་འགུལ་ཐེབས་ནས་ངུ་ཤོར་བྱུང”ཞེས་ཚེས་14ཉིན་པེ་ཅིང་བཟོ་ལས་སློབ་ཆེན་ཀྲི་ཤིན་སློབ་གྲྭའི་སློབ་མས་བརྗོད་པ་དང་། སློབ་གྲྭ་དེའི་ཐོག་སོ་གཉིས་པའི་སྙན་ཞུའི་ཚོམས་ཆེན་ནང་སྙན་ཞུ་ཉན་པར་ཡོང་མཁན་དགེ་སློབ་ཀྱིས་ཁེངས་ཡོད་པ་དང་། སྐར་མ་90ཡི་དུས་ཚོད་ནང་པེ་ཅིང་བཟོ་ལས་སློབ་ཆེན་ཚོད་ལྟའི་སློབ་གྲྭའི་དགེ་སློབ་བརྒྱ་ཕྲག་ཁ་ཤས་ཀྱིས་སེམས་འགུལ་ཐེབས་པའི་ཐལ་མོ་རྡེབ་བཞིན་མིག་ཆུ་དབང་མེད་དུ་ཤོར་ཡོད་པ་རེད།
         “ལོ་རྒྱུས་དེ་དག་ང་ཚོས་ཉིན་ལྟར་ཤོད་ཀྱི་ཡོད་མོད། འོན་ཀྱང་ཤོད་ཐེངས་རེ་རེར་སེམས་འགུལ་ཐེངས་རེ་ཐེབས་ཀྱི་འདུག”ཅེས་ལོ་30ལྷག་ཙམ་ལ་སླེབས་པའི་ཀྲོའུ་ཀོང་ཅིང་གིས་བརྗོད་པ་དང་། ཁོང་ནི་སྙན་ཞུ་ཚོགས་པའི་ཚོགས་གཙོ་ཡིན་ལ་ཀུའོ་ཡུང་ཧོའེ་ཡི་མཛད་རྗེས་ཤོད་མཁན་ཞིག་ཀྱང་ཡིན་ཞིང་། གསར་འགོད་པ་དང་ཁོ་མོའི་དབར་འདི་ལོའི་དྭངས་གསལ་དུས་ཚིགས་སྐབས་སུ“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྔོན་གཤེགས་དཔའ་བོ་ཀུའོ་ཡུང་ཧོའེ་མཐར་ཁོང་གི་སྐུ་ཟླ་ཡིན་པའི་རང་རྒྱལ་གྱི་གྲགས་ཅན་དངོས་སྤྱོད་སྐད་ཡིག་རིག་པ་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཧྥེ་རྣམ་གཉིས་ཀྲུང་གོ་ཚན་རིག་ཁང་ཤུགས་རིག་སུའོ་རུ་མཉམ་དུ་དུར་འཇུག་བྱེད་རྒྱུའི་སྐོར་གླེང་སྐབས་རྡུལ་ཕྲན་གྲོང་དྲན་གསོ་ཁང་བཅའ་སྲུང་བྱས་ནས་ལོ་བཅུ་གྲངས་སོང་བའི་བུ་མོ་དེ་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་ཤོར། ཁོང་གིས“བྱས་རྗེས་རླབས་པོ་ཆེ་འཇོག་མཁན་ཁྱོ་ཤུག་འདས་པོ་གཉིས་ལོ་50སོང་རྗེས་སླར་ཡང་མཉམ་འཛོམས་ཐུབ་ཡོད། རྡུལ་ཕྲན་གྲོང་གིས་ཁྱེད་ཚོ་ནམ་ཡང་བརྗེད་མི་སྲིད་ལ་མཚོ་བོད་ས་མཐོས་ཀྱང་ཁྱེད་ཚོ་བརྗེད་མི་སྲིད”ཅེས་བརྗོད་པ་རེད།
        ཆན་ཤན་སན་དང་། ཡུས་མེ། ཧོང་ཝུའེ་ལུའུ། རེན་ཤིན་མིང་སོགས“འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་མཛད་རྗེས་གཟེངས་རྟགས”ཐོབ་མཁན་23གྱི་མཛད་རྗེས་དང་རླབས་ཆེའི་བྱ་གཞག་དེའི་ནང་ཞུགས་ཀྱང་མིང་འཁོད་མེད་པའི་དཔའ་བོ་གྲངས་མེད་ཀྱི་འདས་དོན་དག་གཏམ་བཤད་དང་། རོལ་དབྱངས་སྙན་ངག་དང་རི་མོ། གནས་ཚུལ་དངོས་མཚོན་ཟློས་གར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ལྟད་མོ་བ་ཚོའི་སྤྱན་ལམ་དུ་བཤམས་ཡོད་ཅིང་། མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའི་འགན་ཁུར་བ་གཙོ་བོས“རིམ་པ་མི་འདྲ་བ་དང་མི་ཚོགས་མི་འདྲ་བར་དམིགས་ནས་ང་ཚོས་ད་དུང་པར་གཞི་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་སྒྲོག་འགྲེལ་སློབ་གསོའི་སྙན་ཞུ་བྱེད་རྒྱུ་དང་། སྐད་འཕྲིན་དང་རྩ་གཉིས་ཨང་རྟགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་སྒྲོག་འགྲེལ་སློབ་གསོའི་སྙན་ཞུར་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་སྙིང་སྟོབས་ཀྱི་མཐོ་ས་བཏོད་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་ཆེད་2016ལོའི་ཟླ་9པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་མཚོ་བྱང་ལས་བྱེད་སློབ་གསོ་གསོ་སྦྱོང་ཁྱད་ལྡན་རྟེན་གཞིར་མཚོ་སྔོན་རྡུལ་ཕྲན་གྲོང་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་བཙུགས་པ་རེད། དེ་དང་ཆབས་ཅིག་ལོ་འདིའི་ཟླ་10པ་ནས་བཟུང“‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་ནམ་ཡང་གནས་པ་བྱེད་པའི”སྒྲོག་འགྲེལ་སློབ་གསོའི་སྙན་ཞུ་ཚོགས་པ་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་དང་། ཀྲུང་དབྱང་ཁེ་ལས། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དྲུག་བཅས་སུ་བསྐྱོད་ནས་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་བྱས་ཡོད་པ་རེད།
         “ས་ཆ་གཞན་དུ་བསྐྱོད་ནས‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་དྲིལ་བསྒྲགས་བྱེད་རྒྱུ་ནི་གསར་གཏོད་ཀྱི་བྱ་ཐབས་ཤིག་ཡིན་ལ་མཚོ་སྔོན་ཡང་དྲིལ་བསྒྲགས་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའི་འགན་ཁུར་བས་དེ་ལྟར་བརྗོད་པ་རེད།
         བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར་སྒྲོག་འགྲེལ་གྱི་དུས་ཡུན་ཟླ་བ་གཉིས་ཟིན་པ་དང་། སྒྲོག་འགྲེལ་ཐེངས་57བྱས་པར་ལས་རིགས་ཁག་གི་མི་སྣ་30000ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།