འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ས་མཐོ་འདི་ཉིད་ཤེས་ལྡན་མི་སྣའི་གནས་གལ་ཆེན་དུ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། པེ་ཅིང་ཆིང་ཧྭ་ཁྲང་ཀེན་སྨན་ཁང་གི་ལག་བསྟར་ཡོན་ཀྲང་དང་རྒྱལ་ཡོངས་མཆིན་མཁྲིས་གཤེར་མའི་ཕྱི་ནད་ཚན་ཁག་དང་མཆིན་པ་སྤོ་འཛུགས་ལག་རྩལ་ཐད་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་ཏུང་ཅ་ཧུང་ནི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གསར་གཏོད་ཤེས་ལྡན་མི་སྣ་གདན་ཞུ་བྱེད་ཐེངས་དང་པོའི་གྲས་ཤིག་ཡིན། ཁོང་གི་སྐུལ་འདེད་འོག་ཆིང་ཧྭ་སློབ་ཆེན་གྱི་གནད་སྨིན་གསོ་རིག་ཞིབ་འཇུག་ཁང་མཚོ་སྔོན་སློབ་ཆེན་ཐུམ་འབུའི་ནད་ཞིབ་འཇུག་ལྟེ་གནས་ཀྱིས་ན་ནིང་ཟླ་བ་བརྒྱད་པར་མཚོ་སྔོན་སློབ་ཆེན་དུ་ཞོར་གཏོགས་སྨན་ཁང་བཙུགས་ཏེ་མཚོ་སྔོན་དུ་ཐུམ་འབུའི་ནད་གནད་སྨིན་འགོག་བཅོས་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། མཚོ་སྔོན་གྱིས་ལོ་ལྔའི་དུས་ཚོད་ནང་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་བཏང་ནས་འགག་རྩའི་ལག་རྩལ་འགག་སྒྲོལ་ཐུབ་མཁན་དང་། གསར་དར་ཐོན་ལས་ལ་སྣེ་ཁྲིད་ཐུབ་མཁན། གསར་དར་རིག་ཚན་བསྐྲུན་ཐུབ་མཁན་བཅས་ཀྱི་ཕུལ་བྱུང་གསར་གཏོད་ཤེས་ལྡན་པ་1000ཙམ་གདན་ཞུ་དང་གསོ་སྐྱོང་བྱ་རྒྱུ་རེད།
             ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ཏེ་མཚོ་སྔོན་དུ་ཤེས་ལྡན་མི་སྣ་གདན་ཞུ་བྱེད་ཚད་མང་དུ་བཏང་ཞིང་། 2016ལོར་མཚོ་སྔོན་གྱིས་གཅིག་ལྕོགས་ཞབས་ཞུ་དང་། “དུས་བྱ་རྣམ་པའི”གདན་ཞུ་བསྐོ་གཞག རྣམ་གྲངས་འོས་སྐུལ་འོས་དཔོད། མཉམ་དུ་འགག་སྒྲོལ། གྲུབ་འབྲས་བརྗེ་སྒྱུར་སོགས་ཀྱི་བྱེད་ཐབས་ཐོག་ནས་ཤེས་ལྡན་པ་70གདན་ཞུ་བྱས་པ་དང་ལས་སྒྱུར་དང་། ཁེ་ལས་གསར་གཏོད། ཁེ་ལས་གཙོ་གཉེར་སོགས་ཀྱི་བྱེད་ཐབས་ཐོག་ནས་ཤེས་ལྡན་མི་སྣ་30གདན་ཞུ་བྱས་པ་མ་ཟད། ཚོགས་པ་གསུམ་བཙུགས་པ་དང་གདན་ཞུའི་མི་གྲངས་དེ་ལོ་གོང་མ་ལས་ལྡབ་11.5འཕར་ཡོད།
           སྒྲིག་ཁོངས་དང་ཐོབ་ཐང་གི་ཚོད་འཛིན་མི་ཕོག་པ་བྱས་ཏེ་མཚོ་སྔོན་གྱིས་དམིགས་བསལ་ལས་གནས་བཙུགས་ནས་ཧ་ཅང་དཀོན་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་གདན་ཞུ་བྱས་ཤིང་། མཚོ་སྔོན་གྱིས་ཕུལ་བྱུང་གསར་གཏོད་ཀྱི་ཤེས་ལྡན་མི་སྣའི་ཐད་མ་དངུལ་སྒོར་ཁྲི་300བཏང་ནས་ཐེངས་གཅིག་རང་བཞིན་གྱི་དམིགས་བསལ་རོགས་སྐྱོར་དང་། འཕྲོད་སྦྱོར་སྨན་པ། གླ་ཆ། སྒྲིག་ཁོངས། གོ་མིང་དཔྱད་འདེམས། བུ་ཕྲུག་གི་སློབ་གསོ་སོགས་ལྕག་འདེབས་བྱེད་ཐབས་17བཏོན་ཡོད། “གསར་གཏོད་ཀྱི་བྱེད་ཐབས་དང་འཇོན་ཐང་ངོམས་སའི་ལས་སྟེགས་རབ་དང་རིམ་པ་ཡོད་པས་ང་ཚོ་མཚོ་སྔོན་དུ་གསར་གཏོད་ལས་གཏོད་བྱེད་པར་ཡོང་བ་ཡིན”ཞེས་ཕུལ་བྱུང་ཤེས་ལྡན་མི་སྣ་ཐད་ཀར་གདན་ཞུ་དང་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་རྩལ་འགན་འཁུར་བ་ལུའོ་ཤན་ཕིང་གིས་དེ་ལྟར་བརྗོད་བྱུང་།
          མཚོ་སྔོན་གྱིས་ཤེས་ལྡན་མི་སྣ་གདན་ཞུ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གལ་ཆེ་མཉམ་དུ་བཞག་པ་མ་ཟད། ཤེས་ལྡན་མི་སྣ་གདན་ཞུ་དང་རིག་སྟོབས་ནང་འདྲེན་བྱེད་པ་དང་ཆབས་ཅིག་ས་གནས་དེ་རང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཡུལ་ཤུལ་ཀྲོའུ་ཕྱུགས་ནད་སྨན་པའི་ལས་དོན་ས་ཚིགས་ཀྱི་ཀྲེན་ཀྲང་སུང་རེན་ཏེ་དང་། ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ས་གཤིས་དགེ་རྒན་ཆེ་མོ་བ་ཝང་ཧྲེ་ཅུན། ཞིང་ཆེན་ཐུམ་འབུའི་ནད་ཞིབ་འཇུག་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཧྥན་ཧའེ་ཉིང་སོགས་མི་སྣ་135མཚོ་སྔོན་གྱི་ཕུལ་བྱུང་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་ཁག་དང་པོའི་འདེམས་མིར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།