འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཞིང་འབྲོག་པ་དབུལ་པོར་འོད་སྐུད་དྲ་ཆེན་
    སྤྱོད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི“སྤྲོ་སྐྱིད་ཁང་གསར”ཁུལ་ཆུང་ཉིད་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དམངས་འཚོའི་རྣམ་གྲངས་ཡིན་ཞིང་། དེར་སྤོས་པའི་ཞིང་འབྲོག་པ་བརྒྱ་ཙམ་ལ་དེང་རབས་ཆ་འཕྲིན་ཚན་རྩལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ནས་འོད་སྐུད་དྲ་ཆེན་སྤྱོད་ཐུབ་ཡོད།
             “སྤྲོ་སྐྱིད་ཁང་གསར”ཞེས་པའི་ཁུལ་ཆུང་ནི་མངའ་རིས་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་རྣམ་གྲངས་ཀྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པས་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་ཞིང་འབྲོག་པ་དུད་ཚང་500ལ་ཕན་པ་ཐོབ་ཡོད། སྤྱི་ཚོགས་གོང་འཕེལ་སོང་བ་དང་ཆབས་ཅིག་དྲ་ཆེན་ཡང་ཁྱིམ་ཚང་གི་ཉེར་མཁོར་གྱུར་ཡོད། ཆ་འཕྲིན་གྱིས་དམངས་དང་ཞིང་པར་ཕན་པ་ཐོབ་ནུས་ཆེ་རུ་བཏང་ནས་ཁུལ་ཆུང་གི་མི་སེར་གྱི་འོད་སྐུད་དྲ་ཆེན་སྤྱོད་པའི་དགོས་མཁོ་སྐོང་ཆེད། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སིས“སྤྲོ་སྐྱིད་ཁང་གསར”ཁུལ་ཆུང་ལ་འོད་སྐུད་ཁྲིད་ནས་ཞིང་འབྲོག་པར་ལག་ཐོགས་ཁ་པར་གྱི་འགྲོ་གྲོན་ཆ་ཚང་དམའ་རུ་བཏང་བ་མ་ཟད། 20Mའོད་སྐུད་དྲ་ཆེན་རིན་པ་མེད་པར་ཁྲིད་ཅིང་། མིག་སྔར་སྤོས་པའི་ཞིང་འབྲོག་པ་དུད་ཚང་140ནང་ནས་དུད་ཚང་80ལྷག་ཙམ་ལ་ཁྲིད་ཚར་བ་རེད།
           མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུང་མཚོ་ཤང་བཞའ་ལུང་གྲོང་ཚོ་ནས་སྤོས་ཡོང་བའི་འཇིགས་མེད་ཀྱི་ཁྱིམ་དུ་འོད་སྐུད་དྲ་ཆེན་ཐོག་མར་སྤྱོད་ཐུབ་ཡོད་ཅིང་། ཁོང་གིས“སྔོན་ཆད་གྲོང་ཚོར་དྲ་རྒྱའི་མྱུར་ཚད་འགོར་ལ་བརྟན་པོ་མེད། ད་ཆ་འོད་སྐུད་དྲ་ཆེན་ལ་བརྟེན་ནས་དྲ་བར་ཞུགས་པ་དང་། བརྙན་འཕྲིན་ལྟ་བ། རོལ་རྩེད་རྩེ་བ་བཅས་གང་བྱས་ཀྱང་ཧ་ཅང་སྟབས་བདེ་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་དང་ལས་ཞུགས་ཐབས་ལམ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ལྟ་ཐུབ་ཅིང་། བྱིས་པ་ཚོས་སློབ་སྦྱོང་གི་དཔྱད་ཡིག་འཚོལ་བར་ཡང་ཧ་ཅང་སྟབས་བདེ་པོ་འདུག་པ་མ་ཟད། དྲ་ཆེན་ཉིད་རིན་མེད་ངང་སྤྱོད་ཐུབ་པས་ལོ་ལྟར་སྒོར་བརྒྱ་ཕྲག་ཁ་ཤས་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བཤད།
          ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཀུང་སི་དེས་དུས་གཅིག་ཏུ་ལྷོ་ཁ་དང་ནག་ཆུ་སོགས་གྲོང་ཁྱེར་དང་ས་ཁུལ་དུ་ཡུལ་གཞན་དུ་གནས་སྤོ་བྱེད་མཁན་ཞིང་འབྲོག་པའི་བདེ་སྡོད་ཁུལ་ཆུང་ལའང་དྲ་རྒྱ་ཁྱབ་སྤེལ་དང་འོད་ཁྲིད་ཚི་སྐུད་དྲ་ཆེན་གྱི་ཞབས་འདེགས་སོགས་ཞུས་ཡོད། གོམ་སྟབས་རྗེས་མར་ཀྲུང་གོའི་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སིས་མུ་མཐུད“དྲ་ཆེན་བོད་ལྗོངས”དང“མྱུར་ཚད་མགྱོགས་གཏོང་དང་འགྲོ་གྲོན་ཉུང་གཏོང”གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་ཁུལ་ཆུང་གི་ཆ་འཕྲིན་ཞབས་ཞུའི་འཕེལ་རིམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཡུལ་གཞན་དུ་གནས་སྤོས་འབྲོག་པ་སྔར་བས་མང་པོར་དྲ་བའི་བཞུར་ཚད་མགྱོགས་ལ་དངོས་ཕན་ཆེ་བའི་ཆ་འཕྲིན་གྱི་ཞབས་འདེགས་ཞུ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།