འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བློ་གྲོས་འཛམ་གླིང་ལ་ཡིད་དབང་འཕྲོག་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེན་ཧན་ཀེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་འདུ་འགོད་ལག་བསྟར་སྐོར་གྱི་བསམ་འཆར་》དཔར་འགྲེམས་བྱས་ཏེ་སྤྱི་ཡོངས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཡོད། འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་གོ་བས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་གསར་གཏོད་ལྡན་པའི་སྒོ་ནས་དར་སྤེལ་གཏོང་བཞིན་དུ་འཛམ་གླིང་ལ་དེ་བས་ཞི་བདེ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་མང་པོ་བསྣན་པས་ཀྲུང་གོའི་བློ་གྲོས་འཛམ་གླིང་ལ་ཡིད་དབང་འཕྲོག་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
           དེང་སྐབས་ཀྱི་འཛམ་གླིང་ཞི་འཇམ་མེད་པ་སྟེ། ས་ཁུལ་གྱི་ཟང་ཟིང་དང་། འཇིགས་སྐུལ་རིང་ལུགས། ལྷོ་བྱང་གི་ཧེ་བག་ཆེ་རུ་འགྲོ་བ་སོགས་ལས་འཛམ་གླིང་ལ་དཀའ་རྙོག་མང་པོ་ཞིག་འཕྲད་དེ་གཞན་འབུད་རང་བཞིན་དང་ཁ་གཏད་དུ་ལངས་པའི་རང་བཞིན་སོགས་ཀྱི་བསམ་བློ་མི་ཉུང་བ་ཞིག་མུ་མཐུད་གནས་བཞིན་ཡོད། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མི་སྣ་མང་པོ་ཞིག་གིས་འཛམ་གླིང་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་གནད་དོན་མང་པོ་ཞིག་སེལ་བར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་སྙིང་དོན་མང་པོ་ཞིག་ལ་དུས་རབས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཧྥ་རན་སེའི་ཙུང་ཐུང་ཟུར་པ་ལ་ཧྥ་ལན་གྱིས་མིག་སྔར་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་རིང་ཀྲུང་གོའི་རིག་གནས་དང་བསམ་བློས་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ནང་སྔར་བས་ཧུར་ཐག་ཞུགས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
         གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་རིང་འཕྲད་པའི་གནད་དོན་སྣ་ཚོགས་ལ་དམིགས་ཏེ་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་བཏོན་པའི་ཇུས་གཞི་དང་དེ་བཞིན་བྱ་སྤྱོད་མང་པོ་ཞིག་གི་ཐོག་ནས་ཀྱང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མཚོན་གྱི་ཡོད་ལ་སྲོལ་རྒྱུན་སྙིང་པོ་གསར་གཏོད་ལྡན་པའི་སྒོ་ནས་དར་སྤེལ་གཏོང་བའང་མངོན་གྱི་ཡོད། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་བྱུང་བ་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་རིང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཡོང་བ་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་རོགས་ཟླའི་འབྲེལ་བ་རྒྱ་ཁྱབ་ངང་བཙུགས་ཏེ་གླེང་མོལ་དང་གྲོས་མོལ་གྱི་ལམ་ནས་ས་ཁུལ་གྱི་རྩོད་གཞི་ཐག་གཅོད་ཡོང་བར་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་འདོད་ཚུལ་འཛིན་པ་མ་ཟད། ཤེས་དཔལ་སྣ་ཚོགས་འདྲ་མཉམ་ངང་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུའི་འདོད་ཚུལ་ཡང་འཛིན་གྱི་ཡོད་པ་རེད།
          འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་རུང་ཀྲུང་གོས་སྔར་བཞིན་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་《ཕ་རི་སིའི་གྲོས་ཆོད་》ལ་མིང་རྟགས་འགོད་པ་དང་གོ་ཆོད་ཡོང་བར་སྐུལ་མ་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ཀྱི་བསམ་བློས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགོག་རྐྱེན་བཟོ་སྐབས་ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱེད་པ་དང་སྦྲགས་འབྲེལ་ཡོད་ཇུས་གཞི་བཏོན་པ། ཀྲུང་གོས“ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ”བཙུགས་ཏེ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོ་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་བའི་དམིགས་ཚད་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་སོགས་མིའི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་བྱ་གཞག་ཐད་ཀྲུང་གོ་བས་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་བཏོན་པ་ལས“བདེན་འཛིན་ཁེ་ཕན་དུ་བཀུར་བའི”སྲོལ་རྒྱུན་གྱི་བསམ་བློའི་འཁྱེར་སོ་མངོན་ཡོད།
          དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་དཔྱོད་ལྡན་མང་པོ་ཞིག་གིས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་འཛམ་གླིང་གི་ཕུགས་ཀྱི་འཕེལ་རྒྱས་དང་ཞི་བདེར་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དབྱིན་ཇིའི་སྐད་གྲགས་ཡོད་པའི་ལོ་རྒྱུས་རིག་པ་མཁས་ཅན་ཐང་དབྱིན་པིས“ཐོག་མཐའ་བར་གསུམ་དུ་ཞི་བདེ་རིང་ལུགས་དང་འཛམ་གླིང་རིང་ལུགས་གཙོ་བོར་འཛིན་པའི་གནམ་འོག་གི་ཤེས་དཔལ”ཡིན་པའི་ཀྲུང་གོའི་ཤེས་དཔལ་གྱིས“འབྱུང་འགྱུར་གི་འཛམ་གླིང་ཕྱོགས་བསྒྱུར་དང་དུས་རབས་21པའི་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཛད་མཐའ་མེད་པའི་རིག་གནས་ཀྱི་གཏེར་མཛོད་དང་བསམ་བློའི་ཐོན་ཁུངས་མཁོ་འདོན”བྱས་ཏེ་ཀྲུང་ཧྭའི་ཤེས་དཔལ་གྱིས“འཛམ་གླིང་ལ་ཡུན་རིང་གི་ཞི་བདེ་དངོས་གནས”བསྐྲུན་རྒྱུ་རེད་ཅེས་བརྗོད་མྱོང་ཡོད།
          ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་ཀྲུང་གོའི་རིག་གནས་ཀྱིས་དུས་ཡུན་རིང་པོའི་ནང་འཛམ་གླིང་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཐང་དང་སུང་རྒྱལ་རབས་སྐབས་རི་པིན་དང་ཧན་གོ་སོགས་མཐའ་འཁོར་རྒྱལ་ཁབ་ཚང་མས་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་གསར་གཏོད་ཆེ་བཞི་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་པས་ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་ཡོང་བར་སྐུལ་མ་བཏང་བ་མ་ཟད། ཀྲུང་གོའི་རིག་གནས་ཀྱིས་ཡོ་རོབ་བློ་སྒོ་འབྱེད་པའི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་ལོ་རྒྱུས་མི་ཀུན་གྱིས་རྟོགས་ཀྱི་ཡོད།
          མིག་སྔར་ཀྲུང་གོའི་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ་མ་ཟད། བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་དེ་ཐོག་ནས་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་སྙིང་སྟོབས་ཀྱི་སྟོབས་ཤུགས་མངོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།