འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་མོ་ཞི་ཁོར་གཞིས་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མོ་ཞི་ཁོ་དང་ཨ་རིའི་མཐའ་མཚམས་གནས་སའི་སྤྱི་ལེ་30ཙམ་གྱི་མཚམས་སུ་ཡོད་པའི་མོ་ཞི་ཁོའི་གྲོང་ཁྱེར་ཆུང་ཆུང་ལུའོ་སཱ་ལི་ཐོར་བལྟས་ན་གྲོང་རྡལ་གཞན་དག་དང་ཁྱད་པར་མེད་མོད། ཡིན་ན་ཡང་གྲོང་ཁྱེར་དེའི་ལྟེ་བར་གནས་སའི“ཧའེ་ཤིན་ལམ་ཆེན”དུ་སྐྱོད་ཚེ་ནང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་བཟོ་ཁང་ཆེན་པོ་ཞིག་དང་། “Hi—sense”མཚོན་རྟགས་མཐོང་ཐུབ། ཧའེ་ཤིན་གྱི་མོ་ཞི་ཁོ་བཟོ་གྲྭས་ལོའུ་སཱ་ལི་ཐོ་དང་ཀྲུང་གོའི་འབྲེལ་བ་ཉེ་རུ་བཏང་ཡོད་པ་རེད།
         ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས། མོ་ཞི་ཁོའི་བྱང་རྒྱུད་མཐའ་མཚམས་ས་ཁུལ་ལ་ཕྱི་རྒྱལ་གྱི་ཀུང་སི་དག་གི་དགའ་བསུ་ཐོབ་གི་ཡོད་པ་རེད། ཧའེ་ཤིན་2016ལོའི་ལོ་འགོར་ས་ཆ་དེར་ཡོང་ནས་དུས་ཐུང་ལོ་གཅིག་ལྷག་ཙམ་ནང་ས་གནས་དེའི་འགྲན་རྩོད་ཆེ་བའི་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ཁྱབ་ཁོངས་སུ་གཞིས་ཆགས་ཐུབ་ཡོད་པ་རེད། ད་ཆ་མོ་ཞི་ཁོའི་བཟོ་གྲྭས་ལོ་རེར་ཁྱིམ་སྤྱོད་གློག་ཆས་ཁྲི་250ཡན་ཐོན་སྐྱེད་བྱེད་ཐུབ་ནས་ཧའེ་ཤིན་གྱི་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་བཟོ་གྲྭ་ཆེ་ཤོས་སུ་གྱུར་པ་མ་ཟད་ཧའེ་ཤིན་སྤུས་རྟགས་ཀྱང་མོ་ཞི་ཁོའི་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཁྲོམ་རའི་ཨང་གསུམ་པར་གྱུར་ཡོད་པ་རེད།
         2015ལོའི་ཟླ་བདུན་པར་ཧའེ་ཤིན་གྱིས་མ་དངུལ་ཨ་སྒོར་ཁྲི་2370བཏང་ནས་ཞཱ་ཕུའི་མོ་ཞི་ཁོའི་བཟོ་གྲྭ་ཉོ་སྒྲུབ་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། 2016ལོའི་ཟླ་དང་པོར་དངོས་སུ་རྩིས་སྤྲོད་རྩིས་ལེན་ཡང་བྱས་པ་རེད། ཧའེ་ཤིན་གྱི་མོ་ཞི་ཁོའི་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་ལི་ཝེས་ངོ་སྤྲོད་བྱས་པར་གཞིགས་ན། རྩིས་མ་བླངས་གོང་ཞཱ་ཕུའི་མོ་ཞི་ཁོའི་བཟོ་གྲྭར་ཨ་སྒོར་དུང་ཕྱུར་1ལྷག་ཙམ་གྱི་གྱོང་གུན་ཐེབས་ཡོད་པ་རེད།
         རྩིས་བླངས་རྗེས། ཧའེ་ཤིན་གྱིས་བཟོ་གྲྭ་སྒྱུར་བཀོད་བྱས་ནས་དེ་སྔའི་ཐོན་སྐྱེད་བརྒྱུད་རིམ་སྤོར་བྱས་པ་མ་ཟད་ད་དུང་འཕྲུལ་འཁོར་ཧྲིལ་པོའི་ཐོན་སྐྱེད་བརྒྱུད་རིམ་གསུམ་གསར་དུ་བསྣན་པ་རེད། ཧའེ་ཤིན་གྱི་ལག་རྩལ་ཐད་ཀྱི་ལེགས་ཆར་བརྟེན་ནས་མོ་ཞི་ཁོའི་བཟོ་གྲྭར་འགྱུར་ལྡོག་བྱུང་ཡོད་དེ། འཁོར་ཁང་ནང་གི་གསར་དུ་བསྐྲུན་པའི་རང་འགུལ་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་གསུམ་གྱིས་བཟོ་གྲྭའི་ལས་ཕྱོད་ཆེ་རུ་བཏང་ཡོད་པ་རེད། མི་རེས་ཆ་སྙོམས་ཆུ་ཚོད་རེར་དབྱིང་ཚུན་50ཡོད་པའི་གཤེར་ཤེལ་བརྙན་འཕྲིན་ཐོན་སྐྱེད་བྱེད་ཚད་དེ་སྔའི་1.55ནས་4.31བར་མཐོ་རུ་ཕྱིན་ཡོད་པ་རེད།
         2011ལོ་ནས། ཧའེ་ཤིན་གྱིས་མོ་ཞི་ཁོའི་ཡན་ལག་ཀུང་སི་བཙུགས་ཤིང་། ད་ཆ་ཧའེ་ཤིན་སྤུས་རྟགས་དེ་གར་གཞིས་ཆགས་ཐུབ་ཡོད། ཝོར་མཱ་དང་པའེ་སི་མའེ་དང་ཡང་ན་ས་གནས་དེ་གའི་ཚོང་ར་སྤུས་དག་གང་གི་ནང་དུ་ཡང་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་མཐོང་ཐུབ། ཧའེ་ཤིན་གྱི་མོ་ཞི་ཁོའི་ཕྱིར་ཚོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་ཡོན་ཤིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར། 2016ལོར། ཧའེ་ཤིན་གྱི་མོ་ཞི་ཁོའི་ཕྱིར་ཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་2ཟིན་ནས་མོ་ཞི་ཁོའི་ཁྲོམ་རའི་སྤུས་རྟགས་ཨང་གསུམ་པར་གྱུར་པ་དང་། འདི་ལོའི་ལོ་འགོར། ཧའེ་ཤིན་གྱིས་ཡང་བསྐྱར་མ་དངུལ་ཨ་སྒོར་ཁྲི་2000བཏང་ནས་མོ་ཞི་ཁོའི་བཟོ་གྲྭའི་ལས་སྒོ་རྒྱ་སྐྱེད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཀྱིས་མེ་གླིང་བྱང་མའི་ཁྲོམ་རའི་མདུན་ལམ་ལ་གདེང་འཇོག་ཡག་པོ་བྱེད་པ་ཤེས་ཐུབ་ཅེས་བཤད་པ་རེད།
         མེ་གླིང་བྱང་མའི་རང་མོས་ཉོ་ཚོང་ཁུལ་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་དང་། སྟབས་བདེ་བའི་འགྲིམ་འགྲུལ་གནས་སྟངས་ལྟོས་བཅས་ཀྱིས་ཅུང་དམའ་བའི་མ་གནས་བཅས་ལ་བརྟེན་ནས་མོ་ཞི་ཁོ་ནི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཀྱིས་དགའ་པོ་བྱེད་སའི་མ་འཇོག་བྱ་ཡུལ་ཞིག་ཏུ་གྱུར་ཏེ། མོ་ཞི་ཁོ་དེ་ཉིད་གོ་ལ་ཧྲིལ་པོའི་ཁྱིམ་སྤྱོད་གློག་ཆས་ཕྱིར་གཏོང་རྒྱལ་ཁབ་ཆེ་གྲས་ཨང་ལྔ་པར་གྱུར་ཡོད་པ་རེད། དོན་དངོས་ཐོག ཞཱ་ཕུའུ་ནི་ཀྲུང་གོའི་ཁེ་ལས་ཀྱིས་མོ་ཞི་ཁོར་ཉོ་སྒྲུབ་བྱས་པའི་རི་པིན་གྱི་ཁྱིམ་སྤྱོད་གློག་ཆས་བཟོ་གྲྭ་གསུམ་པ་དེ་ཡིན་ཏེ། འདིའི་གོང་དུ། ཀོན་ཅེ་གློག་རྡུལ་གྱིས་རི་ལི་བཟོ་གྲྭ་དང་། TCLཡིས་སན་དབྱང་མོ་ཞི་ཁོའི་བཟོ་གྲྭ་ཉོ་སྒྲུབ་བྱས་ཡོད་པ་རེད། ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཀྱིས་ཟླ་སྒྲིལ་ཉོ་སྒྲུབ་བྱེད་སྟངས་སྤྱད་དེ་མེ་གླིང་བྱང་མའི་ཁྲོམ་རར་ཁྱོན་ཡོངས་ནས་སྐྱོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།