འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྡོ་རྗེ་ནོར་བུའི་ནད་གཞི་དྲག་སྐྱེད་བྱུང་བའི་བརྒྱུད་རིམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་བཅུ་ལྷག་ཙམ་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་དམའ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པར་འགྲིམ་བཞིན་པའི་རྡོ་རྗེ་ནོར་བུ་རྟག་ཏུ་ནས་སྐེད་པ་དང་རྐང་པ་ན་ཡི་ཡོད། ཡུན་རིང་མ་སོང་བར་འགྲོ་སྐྱོད་བྱེད་མི་བདེ་བར་གྱུར་ལ་སྟོད་ཀྱང་སྒུར་ནས་རོགས་པ་དང་མཉམ་དུ་སྡོད་སྐབས་སེམས་པ་མ་སྐྱིད་པ་ཡོང་གི་ཡོད།
         2016ལོ་རྡོ་རྗེ་ནོར་བུ་ནང་སར་ནད་ལྟ་བར་འགྲོ་སྐབས་ཚབས་ཆེའི་སྒལ་ཚིགས་ནད་ཡིན་པར་ཐག་བཅད། ནད་གཞི་སྨན་བཅོས་བྱེད་པར་སྨན་རིན་སྒོར་ཁྲི་བཅུ་ཕྲག་དགོས་སྟབས་རྡོ་རྗེ་ནོར་བུའི་ནང་མི་ཚང་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་།
         འཕྱོངས་རྒྱས་རྫོང་འཕྲོད་བསྟེན་ཅུས་ཀྱིས་རྡོ་རྗེ་ནོར་བུའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལས་དོན་མི་སྣ་ཁོ་པའི་ཁྱིམ་དུ་བཅར་འདྲི་བྱེད་པར་ཐེངས་མང་བཏང་སྟེ། བོད་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་འགྲེལ་བཤད་བརྒྱབ་པས་ནང་མིའི་སེམས་ཁྲལ་བསལ་བ་རེད།
         2016ལོའི་ཟླ་གཉིས་པར་རྡོ་རྗེ་ནོར་བུ་ཁྲེང་ཏུའུ་ཧྭ་ཤིས་སྨན་ཁང་དུ་གཤགས་བཅོས་བྱས་པ་དང་ཟླ་ལྔ་པར་རང་སོ་སོས་ལྷ་སར་ལས་ཀར་སྐྱོད་ཐུབ་ཀྱི་ཡོད། ད་ཆ་སྨན་རིན་ལ་ཁོང་ཚོས་སེམས་ཁྲལ་གཏན་ནས་བྱེད་ཀྱི་མེད།
         འཕྱོངས་རྒྱས་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཡུ་སྒྲོན་གྱིས་རགས་རྩིས་བརྒྱབ་པ་ལྟར་ན། རྡོ་རྗེ་ནོར་བུའི་ནད་བཅོས་པར་ཁྱོན་སྨན་རིན་སྒོར་ཁྲི་12.97ཕྱིན་པ་ལས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་སྲོལ་གསར་པ་དང་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་འགན་བཅོལ་གྱིས་སྒོར་ཁྲི་12རྩིས་ཞུ་བྱས་པ་དང་དེ་བྱིངས་ཀྱི་90%ཡི་སྨན་རིན་རྫོང་དམངས་སྲིད་ཅུས་ཀྱིས་བཏང་ནས། མི་སྒེར་གྱིས་སྒོར་3220ལས་སྤྲོད་དགོས་བྱུང་མེད།
         ལྷོ་ཁ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་ཆོས་འཕེལ་གྱིས“བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་སླར་ཡང་སྒོར་ཁྲི་1000གི་ནད་ཆེན་རོགས་སྐྱོབ་ཐེབས་རྩ་བཙུགས་ནས་ཁྱིམ་ཚང་གཅིག་ཀྱང‘ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་པ’དང‘ནད་གཞིས་རྐྱེན་པས་དབུལ་པོར་ལོག་བ’བཀག་འགོག་བྱ་རྒྱུ་རེད”ཅེས་བཤད།
         བུའི་ནད་གཞི་དྲག་སྐྱེད་བྱུང་རྗེས་ཕུན་ཚོགས་ཀྱིས་བློ་ནུས་ཡོད་ཚད་ཨར་ལས་རུ་ཁག་ལ་བཞག་པས་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་ནས་2016ལོའི་ལོ་མཇུག་ཁོ་ནར་དེ་སྔའི་ལོ་གཅིག་གི་ཡོང་འབབ་དང་གཅིག་པ་བྱུང་ཡོད།
         ཕུན་ཚོགས་ཀྱིས“བུའི་ནད་བཅོས་ཐུབ་པས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ངའི་འཚོ་བ་སྔར་བས་ལེགས་སུ་འགྲོ་བཞིན་འདུག ཏང་ཡོན་ཞིག་གི་ངོས་ནས་ངས་ཚད་ཡོད་ཀྱི་མི་ཚེའི་ནང་མི་གཞན་ལ་རོགས་རམ་དེ་བས་མང་བ་བྱེད་ཀྱི་ཡིན”ཞེས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།