འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག》བཞག་ནས་ལོ་25འཁོར་བ་དང་ཡོ་རོབ་ཀྱིས་ཆིངས་
    ཡིག་བཞག་ནས་ལོ་25འཁོར་བར་མནོ་བསམ་གཏོང་བཞིན་དུ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། “ལོ་25ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བཟང་ངན་དབྱེ་འབྱེད་ཐུབ་ངེས་ཀྱི་བློ་རིག་ལ་བརྟེན་ནས་འབྱུང་འགྱུར་གཏོད་པའི་ལོ་ཞིག་ཡིན། ལོ་25ལ་སླེབས་པའི་ཡོ་རོབ་མནའ་འབྲེལ་དེ་ལྟར་ཡིན་དགོས་ངེས་རེད། འོན་ཀྱང་དོན་དངོས་ཐོག་ད་ལྟའི་གནས་ཚུལ་དེ་ལྟར་མིན་པ་ཁས་མི་ལེན་ཀ་མེད་ཅིག་ཏུ་གྱུར་སོང་། ཡོ་རོབ་གཅིག་གྱུར་བྱས་ནས་ང་ཚོར་བྱུང་བའི་སེམས་ཤུགས་དང་སྤྲོ་སྣང་ད་དུང་གནས་ཡོད་ཀྱང་ད་ལྟ་སེམས་ཤུགས་དང་སྤྲོ་སྣང་དེ་དག་ཆུང་དུ་ཕྱིན་འདུག ཡོ་རོབ་མནའ་འབྲེལ་འདི་ཉིད་གཡོ་འགུལ་ཆེན་པོ་ཐེབས་པའི་ལོ་དུས་སུ་སླེབས་འདུག”
         འདི་ནི་ཧོ་ལན་གྱི་ལྷོ་རྒྱུད་གྲོང་ཁྱེར་མཱ་སི་ཐེ་ལི་ཧོ་ཐེའི་ཧྲི་ཀྲང་ཧྲི་ཐེ་ལཱ་ཁེས་ཚེས་7ཉིན་《ཡོ་རོབ་མནའ་འབྲེལ་ཆིངས་ཡིག་》དེ་ལའང་《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》ཞེས་ཟེར་བ་དེར་མིང་རྟགས་བཀོད་ནས་ལོ་25འཁོར་བར་དྲན་གསོ་ཞུ་བ་དང་མནོ་བསམ་གཏོང་བའི་བྱེད་སྒོའི་ཐོག་ཤིས་ཚིག་མ་སྒྲོན་གོང་བཤད་པའི་སྐད་ཆ་ཡིན།
         1991ལོའི་ཟླ་12ཚེས་9ཉིན་ནས་ཚེས་11ཉིན་བར་སྐབས་46པའི་ཡོ་རོབ་གཅིག་མཐུན་འདུས་གྲུབ་ཀྱི་འགོ་གཙོའི་ཚོགས་འདུ་ཧོ་ལན་ལྷོ་རྒྱུད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཁྱེར་མཱ་སི་ཐེ་ལི་ཧོ་ཐེར་འཚོགས་ཏེ་ཚོགས་འདུའི་ཐོག་《ཡོ་རོབ་མནའ་འབྲེལ་ཆིངས་ཡིག་》དེ་ལའང་《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》ཞེས་ཟེར་བ་དེར་གྲོས་འཆམ་བྱུང་བ་རེད། 1992ལོའི་ཟླ་2ཚེས་7ཉིན་ཡོ་རོབ་གཅིག་མཐུན་འདུས་གྲུབ་རྒྱལ་ཁབ་12ཀྱིས་ཆིངས་ཡིག་དེའི་ཐོག་དངོས་སུ་མིང་རྟགས་བཀོད་པ་རེད། 《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》གིས་ཡོ་རོབ་གཅིག་མཐུན་འདུས་གྲུབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་ལ་ཁྱོན་ཡོངས་ནས་བསམ་བཀོད་དང་དམིགས་ཚད་བཏོན་པས་ཡོ་རོབ་གཅིག་མཐུན་འདུས་གྲུབ་ལ་ཆབ་སྲིད་མནའ་འབྲེལ་དང་དཔལ་འབྱོར་དང་དངུལ་ལོར་མནའ་འབྲེལ་འཛུགས་རྒྱུར་དམིགས་ཚད་དང་གོ་རིམ་ཡང་གཏན་འཁེལ་བྱས་ཡོད་ལ། ཡོ་རོབ་མནའ་འབྲེལ་འཛུགས་རྒྱུར་ཐད་ཀར་སྐུལ་འདེད་ཀྱང་བཏང་ཡོད།
        “《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》ལས་གཞི་ནས་ང་ཚོར་ཡོ་རོབ་མནའ་འབྲེལ་དང་ཡོ་སྒོར་བྱུང་ཡོད”ཅེས་ཧྲི་ཐེ་ལཱ་ཁེས་བཤད།
        འོན་ཀྱང་ཉེ་བའི་ལོ་ཤས་རིང་ཡུལ་གྱར་བའི་གནད་དོན་དང་དཔལ་འབྱོར་གནད་དོན་གྱིས་ཡོ་རོབ་མནའ་འབྲེལ་ལ་འགལ་རྐྱེན་བཟོས་པ་དང་ན་ནིང་ཟླ་བ་དྲུག་པར་དབྱིན་ཇིའི་སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྒྱུའི་ཐག་བཅད་པ་ནས་བཟུང་། ཡོ་རོབ་མནའ་འབྲེལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་ལ་ངེས་གཏན་མིན་པའི་རང་བཞིན་གྱིས་ཁེངས་ཡོད། གནས་ཚུལ་དེ་ཡོ་རོབ་མནའ་འབྲེལ་དབུ་ཚོགས་མང་པོའི་ཐོག་གི་གྲོས་གཞི་གལ་ཆེན་དུ་གྱུར་ཡོད་ཀྱང་ད་བར་ཐུན་མོང་གི་ངོས་འཛིན་ཁ་གསལ་པོ་ཞིག་ཆགས་མེད།
        ཧྲེ་ཐེ་ལཱ་ཁེས་གྲོས་བསྡུར་བྱེད་སྐབས་ཁོང་གིས་གྲོང་ཁྱེར་གྱི་འབྱུང་འགྱུར་ཡོ་རོབ་ལ་ཐུག་ཡོད་ཅེས་དམིགས་སུ་ནན་བཤད་བྱས་བྱུང་། “མཱ་སི་ཐེ་ལི་ཧོ་ཐེའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་3གྱི་སར་པེར་ཀྲེམ་རེད། ཤར་ཕྱོགས་ཀྱི་སྤྱི་ལེ་30ཡི་སར་འཇར་མན་རེད། ང་ཚོའི་འཚོ་བ་ནི‘ཡོ་རོབ’རེད། མཱ་སི་ཐེ་ལི་ཧོ་ཐེ་འདྲ་བའི་གྲོང་ཁྱེར་རམ་ཡང་ན་ས་ཁུལ་དེ་དག་གི་ངོས་ནས་བརྗོད་ན། ‘ཡོ་རོབ’ནི་གསོན་ཉམས་དོད་པའི་དངོས་ཡོད་ཅིག་རེད”
         ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མཐའ་མཚམས་མེད་པའི་ཡོ་རོབ་ཀྱི་གནས་ཚུལ་ཐད་གཞོན་ནུ་ཞིག་གིས་གྲོས་བསྡུར་བྱེད་སྐབས་སེམས་ཁྲལ་བྱེད་ལུགས་ཐད་ཀར་བརྗོད་བྱུང་། ཨམ་སི་ཐེ་ཏམ་སློབ་ཆེན་ནས་ཐོན་པའི་སློབ་མ་ཞིག་གིས“ང་ཚོ་སློབ་ཆེན་གྱི་སློབ་ཐོན་སློབ་མར་ཡོང་འབབ་མང་པོ་མེད། ཐག་རིང་ཤོས་སུ་འགྲོ་མྱོང་བའི་རྒྱལ་ཁབ་ནི་པེར་ཀྲེམ་ཡིན། ཧྲེན་ཀེན་ས་ཁུལ་ང་ཚོའི་ངོས་ནས་བརྗོད་ན་དོན་དངོས་དང་འཚམ་པའི་དོན་སྙིང་མེད་ལ། ཡོ་རོབ་ལ་མཐའ་མཚམས་དོ་དམ་ཚོད་འཛིན་གྱི་འགྲན་སློང་ཡང་བཟོས་ཡོད”ཅེས་བཤད་བྱུང་།
         མཱ་སི་ཐེ་ལི་ཧོ་ཐེའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མཱ་ཏི་ཨོ·སའེ་རེ་ཡིས་གསར་འགོད་པར་《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》གི་གྲུབ་འབྲས་དང་དེར་བློ་ཕམ་གྱི་ཆ་དང་། ཡོ་རོབ་མནའ་འབྲེལ་གྱི་འབྱུང་འགྱུར་ལ་མནོ་བསམ་གཏོང་ཚུལ་ཡོ་རོབ་ཀྱི་རིམ་པ་ཁག་ཏུ་མུ་མཐུད་ཐོན་རྒྱུ་རེད་ཅེས་བཤད་བྱུང་།
         “《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག》ནི་དེ་སྔའི་ཡོ་རོབ་གཅིག་མཐུན་འདུས་གྲུབ་ཀྱི་རྒྱལ་ཁབ་12ལ་དམིགས་ནས་བཟོས་པ་ཞིག་རེད། དེ་ནི་ཕྱིས་སུ་མང་དུ་ཕྱིན་པའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་28དང་རྦད་དེ་འཚམ་གྱི་མེད། ཉེ་བའི་ལོ་ཤས་རིང་ཡོ་རོབ་མནའ་འབྲེལ་ལ་འཕྲད་པའི་གནད་དོན་ཁག་གཅིག་《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》འཐུས་སྒོ་མི་ཚང་བའི་དོན་ཚན་ནས་བྱུང་ཡོད། 《མཱ་སི་ཐེ་ལི་ཧོ་ཐེའི་ཆིངས་ཡིག་》བཟོ་བཅོས་བརྒྱབ་པར་ཆབ་སྲིད་ཀྱི་བློ་ཁོག་ཧ་ཅང་ཆེན་པོ་དགོས། འོན་ཀྱང་མིག་སྔར་ཡོ་རོབ་ལ་བློ་ཁོག་དེ་འདྲ་ལྡན་མེད། དེ་ནི་ང་ཚོས་སེམས་ཁྲལ་ཆེ་ཤོས་བྱེད་ས་འདི་ཡིན། གང་ལགས་ཤེ་ན། ཡོ་རོབ་ངེས་པར་དུ་འགྱུར་ལྡོག་བཏང་ཚེ། གཞི་ནས་འཚོ་གནས་བྱེད་ཐུབ”ཅེས་སའེ་རེ་ཡིས་བཤད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།