འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སེམས་འདུ་འགོད་ཀྱིས་དམངས་སེམས་དྲོས།

    —— རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཐེངས་གསུམ་པའི་བོད་ཀྱི་དཔེ་མཚོན་ཉམས་མྱོང་དང་བྱ་ཐབས་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་གུང་ཁ་ལག་བཟས་རྗེས་ལོ་65ལ་སླེབས་པའི་ཨ་མ་རྒན་མོ་དཔལ་སྒྲོན་གྱིས་ཚ་སོབ་སོབ་ཀྱི་ཉི་མ་སྲོ་བཞིན། མ་ཎི་ལག་སྐོར་བསྐོར་ནས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་བཞིན་ཡོད། ལོ་གཉིས་ཀྱི་གོང་ཁོང་ལ་འདི་ལྟ་བུའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་སྙམ་པ་ཡིད་ལ་འཁོར་མྱོང་མེད།
         རྒན་མོ་དཔལ་སྒྲོན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆོས་སྡེ་འོག་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། ཕྲུ་གུ་མེད་པའི་རྒན་མོ་དཔལ་སྒྲོན་གྱིས་སྔོན་ཆད་སྐབས་ཤིག་རིང་མིའི་ངོ་བསུས་ཏེ་འཚོ་བ་སྐྱེལ་མྱོང་ཡོད། 2015ལོའི་ཟླ་7པར་སྣེ་གདོང་ཆུས་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པས། རྒན་མོ་དཔལ་སྒྲོན་དང་སྣེ་གདོང་ཆུས་ཀྱི་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་200ལྷག་ཙམ་མཉམ་དུ་ཞབས་ཞུའི་ལྟེ་གནས་སུ་སྤོས་ནས་ཟས་གོས་ལ་སེམས་ཁྲལ་བྱེད་མི་དགོས་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།
         འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་ལ་གཅིག་སྡུད་བསྙེན་བཀུར་བྱེད་པ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལག་ལེན་བསྟར་བཞིན་པའི“དམངས་སེམས་འདུ་འགོད་ཆེ་གྲས་བཅུའི”གྲས་ཤིག་རེད། 2016ལོར་སྤེལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་གསུམ་པའི་ནང་། ལྷོ་ཁ་གྲོང་ཁྱེར་གྱིས“དམངས་སེམས་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱས་ཡོད་པས་དཔེ་མཚོན་གྱི་ཉམས་མྱོང་དང་བྱ་ཐབས་ཤིག་ཏུ་གྱུར་ཡོད་པ་རེད།
         ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བའི“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”ནང་སློབ་གསོ་སྔོན་ལ་འཇོག་པ་དང་། འཕྲོད་བསྟེན་ཆུ་ཚད་མཐོར་གཏོང་། སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་མཐོར་གཏོང་། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་སྐྱོར། བདེ་སྐྱིད་ལྡན་པའི་རྒན་གསོ། དབུལ་སྒྲོལ་འགག་སྒྲོལ། བདེ་སྡོད་འགན་སྲུང་། ས་ཤོར་འགན་སྲུང་། རིག་གནས་དམངས་ཕན། དུས་བདེའི་ལྷོ་ཁ་སོགས་ཚུད་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཡིའུ་ཧྭས“ལྷོ་ཁས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མ་དངུལ་70%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་37བསྡུ་སྒྲིལ་བྱས་ཏེ་དམངས་འཚོའི་འདུ་འགོད་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད་ཅེས་གསུངས་བྱུང་།
         “ཏང་གི་སྲིད་ཇུས་ཡག་པོ་འདུག ཕྲུ་གུའི་སྨན་བཅོས་ལ་སྨན་ཡོན་སྒོར་ཁྲི་13ཙམ་ཕྱིན་པ་སྤྱིར་ན་རྩིས་ཞུ་ཐུབ་སོང”ཞེས་ལྷོ་ཁ་གྲོང་ཁྱེར་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་མང་ཚོགས་བློ་བཟང་ཕུན་ཚོགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད། 2016ལོར་བློ་བཟང་ཕུན་ཚོགས་ཀྱི་ཕྲུ་གུར་སྒལ་ཚིགས་གཉན་ཚད་ཚབས་ཆེན་ཕོག་པའི་གཏན་འཁེལ་བྱས་པ་དང་། གཤགས་བཅོས་ལ་སྨན་ཡོན་མཐོ་པོ་སྤྲོད་དགོས་སྟབས་ཁྱིམ་ཚང་དེ་སྡུག་བསྔལ་གནས་སུ་གྱར་པ་རེད།
         བློ་བཟང་ཕུན་ཚོགས་ཀྱི་ཁྱིམ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་སྨན་བཅོས་རོགས་སྐྱོར་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བར་བརྟེན་ནས་ཕན་འབྲས་ཐོབ་མཁན་ཁྱིམ་ཚང་མང་པོའི་གྲས་ཤིག་རེད། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་ལེན་སྲིད་ཇུས་སྣ་ཚོགས་ཀྱི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་ཁྲི་1000ཟིན་པའི་ནད་ཆེན་རོགས་སྐྱོར་ཐེབས་རྩ་བཙུགས་ཤིང་། ལྷོ་ཁ་གྲོང་ཁྱེར་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་ཆོས་འཕེལ་གྱིས“ནད་གཞི་ཕོག་པའི་མང་ཚོགས་མི་གཅིག་གིས་མཐོ་ཤོས་སྨན་བཅོས་རོགས་སྐྱོར་དངུལ་སྒོར་ཁྲི་39ལོངས་སྤྱོད་བྱེད་ཆོག་གི་ཡོད། སྨན་བཅོས་སྲིད་ཇུས་མཐིལ་འདེགས་བྱེད་པའི་དམིགས་ཡུལ་ནི་ནད་གཞིས་རྐྱེན་པས‘དབུལ་པོར་གྱུར་པའི’སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་རྒྱུ་རེད”ཅེས་བཤད་བྱུང་།
         དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རྗེས་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས“ཤང་གཅིག་ལ་སྲིད་ཇུས་གཅིག”ལག་ལེན་བསྟར་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་373འཆར་འགོད་བྱས་པས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་13%ཡན་ཟིན་ཡོད་པ་རེད། ལས་བྱེད་པ་དང་ལས་བཟོས་མང་ཚོགས་དབུལ་པོ་ཁྲི་3.7དང་ཆ་སྒྲིག་རོགས་སྐྱོར་དང་། “གྲོང་ཁྱེར་དང་རྫོང་དང་ཆུས་དང་ཤང་གྲོང་། ཤང་གྲོང་སྡེ་ཁུལ་དང་གྲོང་ཚོ་ཨུ་ལྷན”བཅས་ཀྱི་བོད་སྐྱོར་དང་། དབུལ་སྐྱོར། རོགས་སྐྱོར་བཅས་ཀྱི་ལམ་སྲོལ་སྤྱིར་ན་བཙུགས་ཡོད་པ་རེད། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་ཚད་ཕྱེད་ཀ་ལྷག་ཙམ་ཟིན་པ་དང་། རྫོང་དང་ཆུས་3གྱིས་གཞན་གྱི་སྔོན་དུ་དབུལ་པོའི་ཞྭ་མོ་ཕུད་པ་རེད།
         དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལམ་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཚོ་བ་འགན་ལེན་གནས་བབ་གལ་ཆེན་དུ་བཞག་པ་དང་། རྒན་གསོའི་ཁ་གསབ་རོགས་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་འཚོ་བའི་ཁ་གསབ་རོགས་དངུལ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་བཅས་མཐོ་རུ་ཤུགས་ཆེན་བཏང་བ། བྱིས་པའི་ཕན་བདེ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་ནས་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཟིན་པ། ལོ་15ཡི་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་སློབ་ཆེན་སློབ་མས་སྒོར་8000ནས་ཁྲི་2བར་གྱི་མ་དངུལ་རོགས་སྐྱོར་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
         “ཕྲུ་གུ་སློབ་ཆེན་དུ་ཚུད་རྗེས་ལས་བྱེད་པ་ཁྱིམ་ཚང་དུ་དངུལ་ཁང་གཱ་ཡི་ཨང་གྲངས་ཐོ་འགོད་བྱེད་པར་ཡོང་ནས་ཁ་གསབ་རོགས་དངུལ་སྤྲད་བྱུང”ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་གྱི་མང་ཚོགས་ལྷ་འབྲུག་གིས“སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་ཕྲུ་གུའི་སློབ་ཡོན་དང་། འཚོ་བའི་གྲོན་དངུལ། ཞག་སྡོད་གྲོན་དངུལ་བཅས་ཚང་མ་རྒྱལ་ཁབ་ཀྱིས་སྤྲད་བྱུང་། ཕ་མེས་ཚོས་སྲིད་ཇུས་འདི་འདྲ་ཐོས་མྱོང་མེད”ཅེས་བཤད་བྱུང་།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།