འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“རོགས་སྐྱོར་ཏན་ཏིག་གནང་བྱུང་། ད་ནི་རང་ཉིད་ལ་བརྟེན་དགོས”

    —— མཚོ་སྔོན་འབྲོག་ཁུལ་གྱི་དབུལ་སྒྲོལ་དུད་ཚང་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མཐོ་ཡེ་མ་ཤང་བོང་ཆུང་གྲོང་ཚོའི་འབྲོག་པ་ཆོས་མཚོའི་ཁྱིམ་དུ་སླེབས་སྐབས། ལྭ་བ་འཁྲུ་རྩིས་བྱེད་པའི་ཁོ་མོས་འགྲུལ་པ་སླེབས་པ་མཐོང་འཕྲལ་ང་ཚོ་ཁྱིམ་དུ་བསུས།
         “ཁང་གསར་དུ་ད་དུང་བསྡད་མེད་པས་མེའང་བཏང་མེད། ཁང་པ་རྙིང་པར་སྡོད་པར་འགྲོ”ཞེས་བཤད། ལོ་གསར་གཏོང་སྐབས་ནང་མི་ཚང་མ་ཁང་པ་གསར་པར་སྤོ་རྩིས་ཡོད་པ་གསར་འགོད་པས་ཤེས།
         དེ་ནི་ཅུང་ཟད་རྙོག་འཛིང་གི་དུད་ཚང་ཞིག་རེད། ད་ལོ་ལོ་40ཡིན་པའི་ཆོས་མཚོ་ནི་བཟའ་ཟླ་མེད་པའི་སྐྱེད་མ་ཞིག་ཡིན་ལ་ཕྲུ་གུ་གཅིག་ཡོད་པ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་གཅུང་མོར་ཡང་བཟའ་ཟླ་མེད་པ་དང་མོ་ལ་ཡང་ཕྲུ་གུ་གཅིག་ཡོད། དེ་མ་ཚད་ད་དུང་གྲྭ་པ་གཅུང་པོ་གཉིས་ཀྱང་ཡོད།
         རྩྭ་ར་མུའུ་200ལྷག་དང་། ནོར་གནག་15 རྫོང་གྲོང་དུ་གླ་བར་རྒྱུག་པའི་གཅུང་མོའི་གླ་ཕོགས་སྒོར་1000ལྷག་བཅས་ནི་ཁོ་ཚོ་ཁྱིམ་མིའི་ཡོང་སྒོ་ཡིན་པས། འཚོ་བ་ནི་རྒྱལ་ཁབ་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ཁ་གསབ་དང་མ་མཐའི་འགན་བཅོལ་གྱི་རོགས་སྐྱོབ་ལ་བརྟེན་དགོས་པ་དང་། ཉེན་ཁ་ཡོད་པའི་ཁང་པ་རྙིང་པ་ཆུང་དྲགས་པས་གཅུང་པོ་དང་གཅུང་མོ་རྒྱུན་དུ་ཁྱིམ་དུ་ལོག་དུས་གུར་ཕུབ་སྟེ་སྡོད་དགོས་ཀྱི་ཡོད།
         “རྩྭ་ར་ཆུང་བས་ནོར་གནག་མང་པོ་འཚོ་སྐྱོང་བྱེད་དཀའ། སྐད་བརྡ་མི་འཕྲོད་པ་དང་རྩལ་ནུས་ཀྱང་མེད་པས་ཕྱིར་གླ་པ་རྒྱུག་པར་སོང་ཡང་ལས་ཀ་མི་རྙེད”ཅེས་ཆོས་མཚོས་གསར་འགོད་པར་བཤད།
         2016ལོར་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་པའི་ངོས་ནས་རྫོང་དེ་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་དབུལ་སྒྲོལ“ཞྭ་མོ་ཕུད་པའི”རྫོང་ཐོག་མར་གཏན་འཁེལ་བྱས། ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཀྱི་སྲིད་གཞུང་གིས་དབྱེ་འབྱེད་མ་འཕྱུགས་པ་བྱས་པའི་རྨང་གཞིའི་ཐོག་མི་དང་གྲོང་ཚོར་གཞིགས་ནས་ཐབས་ཇུས་སོ་སོར་བཀོད་དེ། “གྲོང་ཚོ་རེར་ཐབས་ཇུས་རེ”དང“དུད་ཚང་རེར་ཐབས་ཇུས་རེའི”བྱེད་ཐབས་ལ་བརྟེན་ནས་རོགས་སྐྱོར་དཀའ་སེལ་བྱས་པ་རེད།
         “ཧ་ཅང་དགའ་འོས་པ་ཞིག་ནི། ཟླ་11པ་ནས་བཟུང་སྲིད་གཞུང་གིས་ང་རང་རྩྭ་ར་ལྟ་སྲུང་བར་བསྐོས་པས་སླད་ཕྱིན་ཟླ་རེར་གཏན་འཇགས་གླ་ཆ་སྒོར་1800ཡོད”ཅེས་ཆོས་མཚོས་བརྗོད་ཅིང་། ཁོ་མོས“ངས་ལས་ཀ་འདིར་གཅེས་སྤྲས་ཆེན་པོ་བྱས་ནས་ཧུར་ཐག་བྱེད་ཀྱི་ཡིན”ཞེས་བཤད།
         རྨ་ལྷོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ཐང་ཅན་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབྱེ་འབྱེད་མ་འཕྱུགས་པ་བྱས་པ་བརྒྱུད་2015ལོའི་ལོ་མཇུག་ཏུ་རྨ་ལྷོ་རྫོང་ལ་ཁྱོན་གྲོང་ཚོ་དབུལ་པོ་16དང་། དུད་ཚང་དབུལ་པོ་1440ཡི་མི་5400ཡོད། 2016ལོར་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་མ་བཏང་ནས་གྲོང་ཚོ་དབུལ་པོ་རེར་ཁྱད་ལྡན་ཐོན་ལས་བཏོད་པ་དང་། ངལ་རྩོལ་པ་མེད་པའི་ཁྱིམ་ཚང་ཕུད་དེ་བྱིངས་དུད་ཚང་རེའི་མི་རེར་སྒོར་6400ཡི་ཐོན་ལས་འཕེལ་རྒྱས་དང་རྒྱུ་ནོར་ཁེ་སྤོགས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་ཡོད། དེ་དང་ཆབས་ཅིག དུད་ཚང་དབུལ་པོ་941ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་དུད་ཚང་དབུལ་པོ་619ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་རག་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།