འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུས་འབྲེལ་ཡོད་པུའུ་ཨུད་དང་མཉམ་དུ་བྱ་ཐབས་ཁག་5བཀྲམ་ནས་
    ལས་རིགས་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་ལ་ཤུགས་
    སྣོན་དང་ལེགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་འཆར་ལྡན་བུ་བཙའ་ཨུ་ལྷན་བཅས་དང་མཉམ་དུ་《དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་《མཐོ་རིམ་སློབ་གྲྭའི་འགོ་ཁྲིད་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 《སློབ་གྲྭ་འབྲིང་ཆུང་གི་འགོ་ཁྲིད་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 《ཚན་ཞིབ་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 《གཞུང་བཙུགས་སྨན་ཁང་གི་འགོ་ཁྲིད་མི་སྣའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》(གཤམ་དུ་བྱ་ཐབས་5ཞེས་བསྡུ་རྒྱུ)བཅས་བཀྲམ་ནས་ལས་རིགས་བྱ་གཞག་ཚན་པ་དེ་དག་གི་འགོ་ཁྲིད་མི་སྣ་འདེམས་པ་དང་གསོ་སྐྱོང་། དོ་དམ། བེད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ལ་གཏན་འབེབས་ཞིབ་ཕྲ་བྱས་ཏེ་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མཐུན་པའི་བྱང་ཚད་མཐོ་བའི་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད་པ་རེད།
            བྱ་ཐབས་ཁག་5ཡི་ནང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དོ་དམ་བྱེད་སྟངས་སྟབས་བདེའི་སྒོ་ནས་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣར་སྤྱད་མེད་པ་དང་། གོ་གནས་འཁུར་བའི་ཐོབ་ཐང་ཆ་རྐྱེན་ཐད་ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་པོ་ལྡན་དགོས་པ་ཕུད། ད་དུང་དོ་དམ་གྱི་འཇོན་ཐང་ཅུང་ཆེ་བ་དང་། ཆེད་ལས་ཆུ་ཚད་དང་ལས་རིགས་ཀྱི་བྱང་ཚད་ཅུང་མཐོ་པོ་ལྡན་དགོས་པའི་བླང་བྱ་བཏོན་ཡོད། གདམ་གསེས་བསྐོ་སྤྱོད་ཐད་མི་འདེམས་མི་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་མིང་ཐོབ་སོགས་ཀྱི་ཚད་གཞི་མེད་པ་བཟོ་བ་དང་། བྱ་ཐབས་སྣ་ཚོགས་སྟབས་བསྟུན་སྤྱོད་པ། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་རྒྱུར་སྐུལ་འདེད་གཏོང་བ། གདན་ཞུའི་ལམ་ལུགས་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སྤྱོད་ལམ་སྲོལ་སྔར་བས་འཁྲུག་ཏུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། རྒྱུན་གཏན་གྱི་དོ་དམ་ཐད་འགན་འཛིན་ཡུན་ཚད་ཀྱི་ལམ་ལུགས་དང་འགན་འཛིན་ཡུན་ཚད་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་བཏང་ནས་རིགས་དབྱེའི་དཔྱད་ཞིབ་བྱས་ཏེ་འགན་འཛིན་ཡུན་ཚད་ནང་འགན་འཁྲི་ཡོད་པ་དང་། དཔྱད་ཞིབ་ཐད་ཚད་གཞི་ཡོད་པ། བྱ་དགའ་ཆད་གཅོད་ཐད་གཞི་འཛིན་ས་ཡོད་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ལས་རིགས་འཕེལ་རྒྱས་དང་སྐུལ་ལྕག་འགན་སྲུང་ཐད་སློབ་གསོ་གསོ་སྦྱོང་དང་ལག་ལེན་གསོ་སྦྱོང་གཉིས་ཀར་མཐོང་ཆེན་བྱས་ཏེ་རྗེས་མཐུད་ཀྱི་ལས་རིགས་འཕེལ་རྒྱས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱ་གཞག་ཚན་པའི་རང་བརྟེན་དབང་ཆ་དོན་འཁྱོལ་བྱེད་པ། མི་ཆོས་དང་ལྡན་པའི་སེམས་འཁུར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ནོར་འཁྲུལ་ཤོར་ཆོག་པ་དང་ཡོ་བསྲང་བྱེད་པའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་འཚོལ་ཞིབ་ལ་སྐུལ་ལྕག་དང་། གསར་གཏོད་ལ་རྒྱབ་སྐྱོར། ཕམ་པར་ཁོག་ཡངས་དཀྱེལ་ཆེ་བཅས་ཀྱི་རྣམ་པ་གཏོད་དགོས། ལྟ་སྐུལ་འཆུན་འདོམས་ཐད་ནན་ལ་ནུས་ལྡན་གྱི་ལྟ་སྐུལ་མ་ལག་བསྐྲུན་ནས་གཙོ་གནད་ལྟ་སྐུལ་བྱ་ཡུལ་མངོན་གསལ་དོད་པོ་ཡོང་བ་དང་། ལས་རིགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོར་དོ་ཁུར་བྱེད་པ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འགོ་ཁྲིད་མི་སྣས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་སྤྱོད་གཙང་གཞུང་དྲང་ལ་ལྟ་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བྱ་ཐབས་ཁག་5ཡི་ནང་ལས་རིགས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་སྦྲེལ་མཐུད་ལ་མཐོང་ཆེན་བྱས་ནས་སླད་ཕྱིན་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད་མཐུད་སྣེ་ཉར་ཡོད་ལ་ས་གནས་དང་ལས་རིགས་ཀྱིས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་ཡང་བར་མཐོངས་བཞག་ཡོད་པ་རེད།
           བྱ་ཐབས་ཁག་5ཡིས་ལས་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ནས་ཚང་མར་གཙོ་གནད་རེ་ཡོད་པ་དང་ཚང་མར་ཁྱད་ཆོས་ལྡན་པའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། དྲིལ་བསྒྲགས་བསམ་བློ་དང་རིག་གནས་བྱ་གཞག་ཚན་པར་ཆབ་སྲིད་ཀྱི་ངོ་བོ་མངོན་གསལ་དོད་པོ་ལྡན་དགོས་པའི་བླང་བྱ་བཏོན་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་སའི་དོ་དམ་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། འགན་ཁུར་བ་གཙོ་བོ་དང་དྲིལ་བསྒྲགས་གླེང་ཕྱོགས་འཐབ་ས་གལ་ཆེན་གྱི་འགོ་ཁྲིད་མི་སྣ་འདེམས་སྒྲུག་བྱེད་པའི་རྩ་དོན་ཐད་ནང་ཁུལ་འོས་འདེམས་དང་ཕྱི་ཕྱོགས་ནས་གཏོང་བའི་བྱ་ཐབས་གཉིས་སྤྱོད་པ་ལས། ལས་གནས་འགྲན་འཁུར་(གདན་ཞུ)དང་ཡོངས་བསྒྲགས་འདེམས་སྒྲུག་(གདན་ཞུ)སྤྱིར་ན་བྱེད་རྒྱུ་མིན་པ་དང་། རྟོག་ཞིབ་དང་དཔྱད་ཞིབ་བྱེད་པའི་ཐད་ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་བཞག་ནས་ཕྱོགས་གཅིག་ཁོ་ནའི་ཐད་ནས་སྤ་སེ་འཚོང་ཚད་དང་། ལྟ་ཉན་བྱེད་ཚད། འགྲེམས་སྤེལ་བྱེད་ཚད། ཞུགས་ཚད་བཅས་ལ་སྣང་ཆེན་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་རྒྱུ་རེད། མཐོ་སློབ་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་སློབ་གསོ་མཁས་ཅན་གྱི་དམིགས་ཚད་བླང་བྱ་གཞིར་བཟུང་། འགོ་ཁྲིད་མི་སྣ་འདེམས་སྒྲུག་དང་དོ་དམ་བྱེད་དགོས། སློབ་གྲྭའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། ཡོངས་བསྒྲགས་སུ་ཕུལ་བྱུང་ཤེས་ལྡན་མི་སྣ་འདེམས་སྒྲུག་བྱེད་པ་དང་འགོ་ཁྲིད་ཚན་ཁག་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྟབས་བདེའི་འདེམས་ཤོག་ལ་བརྟེན་པ་དང་། སྐར་གྲངས་སམ་ཡང་ན་སློབ་རྒྱུས་དང་། གོ་མིང་། གོ་གནས། གཟི་བརྗིད་མཚན་སྙན་སོགས་ལ་བརྟེན་ནས་ངོ་དགའ་ཕྱོགས་ཞེན་བཀག་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད། སློབ་གྲྭ་འབྲིང་ཆུང་དུ་སློབ་གསོ་མཁས་ཅན་གྱིས་སློབ་གྲྭ་གཉེར་རྒྱུ་དར་སྤེལ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིའི་གོ་གནས་ལམ་ལུགས་སྒྱུར་བཅོས་ཁྱབ་སྤེལ་མགྱོགས་མྱུར་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭ་དང་ཕུལ་བྱུང་གི་སློབ་གྲྭའི་འགོ་ཁྲིད་མི་སྣ་གྲོང་གསེབ་སློབ་གྲྭ་དང་ཉམས་ཞན་སློབ་གྲྭར་སྤེལ་རེས་དང་གོ་གནས་འཁུར་རྒྱུ་ཁྱབ་སྤེལ་གཏོང་བ། གཞི་ཁྱོན་དང་། རིགས། སློབ་མཚམས་བཅས་མི་འདྲ་བའི་དོན་དངོས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་དང་སློབ་གཉེར་ཁྱད་ཆོས་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱས་ནས་གོ་གནས་འཁུར་བའི་ཐོབ་ཐང་ཆ་རྐྱེན་ཐད“དབྱེ་བ་གང་ཡང་མི་འབྱེད་པ”བྱེད་རྒྱུ་མིན་པ་དང་། གྲོང་གསེབ་ས་ཁུལ་དང་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་དང་མི་རིགས་ས་ཁུལ་དུ་ལྷུག་ཏུ་འོས་འཚམ་གཏོང་རྒྱུ་རེད། ཚན་ཞིབ་བྱ་གཞག་ཚན་པར་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། ཕྱི་རྒྱལ་(ས་ཁོངས་ཕྱི་རོལ)གྱི་གྲགས་ཅན་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞིའི་མིང་ཐོ་སོགས་ཀྱི་ཚོད་འཛིན་མེད་པ་བཟོས་ནས་ཡོངས་བསྒྲགས་འདེམས་སྒྲུག་(གདན་ཞུ)བྱས་ཏེ་ལས་གནས་གཅིག་ལྕོགས་དང་ཕྱི་རྒྱལ་(ས་ཁོངས་ཕྱི་རོལ)དུ་སྐྱོད་པ་སོགས་ཀྱི་ཐད་གནས་ཚུལ་མི་འདྲ་བའི་ངང་དོ་དམ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ནན་བཤད་བྱས་ཡོད། གཞུང་བཙུགས་སྨན་ཁང་དུ་ལས་རིགས་ཅན་གྱི་འཛུགས་སྐྱོང་ཁྱབ་སྤེལ་ཤུགས་ཆེན་བཏང་ནས་འགོ་ཁྲིད་མི་སྣས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཡོན་ཀྲང་དང་སྨན་བཅོས་དང་། ཚན་ཞིབ། སློབ་ཁྲིད་སོགས་ཀྱི་འབྲེལ་ཡོད་ལས་སྒོའི་འགན་འཁུར་མཁན་ཡོན་ཀྲང་གཞོན་པ་སྤྱིར་ན་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ནས་འདེམས་སྒྲུག་བྱེད་དགོས་པའི་ནན་བཤད་བྱས་ཡོད། སློབ་གྲྭ་འབྲིང་ཆུང་དང་། ཚན་ཞིབ་བྱ་གཞག་ཚན་པ། གཞུང་བཙུགས་སྨན་ཁང་བཅས་ཀྱིས་གདན་ཞུའི་ལམ་ལུགས་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་ཚན་པས་སྲིད་འཛིན་འགོ་ཁྲིད་མི་སྣ་ཆ་ཚང་གདན་ཞུ་བྱེད་དགོས།
            ཚན་ཞིབ་བྱ་གཞག་ཚན་པ་དང་གཞུང་བཙུགས་སྨན་ཁང་གིས་ནང་ཁུལ་མི་དོན་དོ་དམ་དང་ཡོང་འབབ་བགོ་བཤའ་སོགས་ཀྱི་རང་བརྟེན་དབང་ཆ་དོན་འཁྱོལ་བྱས་ནས་ཤེས་བྱའི་རིན་ཐང་ཆེ་རུ་གཏོང་རྒྱུ་སྟོན་ཕྱོགས་སུ་བྱེད་པའི་བགོ་བཤའི་སྲིད་ཇུས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།