འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་
    རྔོན་རྒྱག་མཁན་ཚོགས་པ་ཞིག་རྩ་གཏོར་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རྩ་ཆེ་ལ་སྟོངས་ཉེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་མཁན་ཚོགས་པ་ཞིག་རྩ་གཏོར་དུ་བཏང་སྟེ་ཉེས་གསོག་དོགས་ཅན་5བཟུང་བ་དང་། ཁོ་ཚོས་བསད་པའི་འབྲོང་3དང་རྐྱང་4དང་དེ་བཞིན་བཟོ་བཅོས་བརྒྱབ་པའི་ཕྱེད་རང་འགུལ་གྱི་མེ་མདའ་1གཞུང་བཞེས་བཏང་བ་རེད།
         གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་གཞོན་པ་པའོ་ཧྲན་གྱིས་2016ལོའི་ཟླ་12པའི་ཟླ་སྟོད་དུ་ཉེན་རྟོག་ཕྱོགས་ཀྱིས་ལས་ཀ་སྒྲུབ་རིང་རྫོང་ལུང་ཤང་དབྱིག་ལ་གྲོང་ཚོའི་ཁོངས་སུ་མི་འགའ་ཞིག་གིས་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་བརྒྱབ་པའི་ཁུངས་སྣེ་ཞིག་ཤེས་རྟོགས་བྱུང་བས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྐོང་འཐེན་བྱས་ཏེ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ནས་སྒུག་རྒྱག་པ་དང་སྐོར་ཞིབ་བྱས་པས་ཉེས་གསོག་དོགས་ཅན་གྱི་ཉེས་གསོག་ཁྱད་ཆོས་རགས་ཙམ་ཤེས་རྟོགས་བྱུང་ཞེས་ངོ་སྤྲོད་བྱས།
         2017ལོའི་ཟླ་1ཚེས་12ཉིན་གྱི་སྔ་དྲོ་གྱོད་དོན་ཤེས་རྟོགས་ཐུབ་ཚད་སྔར་ལས་མང་དུ་སོང་སྟེ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གི་ཁོངས་མིས་གཏེར་ལེན་ཁ་གྲོང་ཁྱེར་ནང་གི་གྲོང་ཚོ་ཞིག་ནས་ཉེས་གསོག་དོགས་ཅན་ཚང་མ་བཟུང་བ་རེད། འདྲི་གཅོད་ཐོག་མ་བྱས་རྗེས་ཉེས་གསོག་དོགས་ཅན་ལྔ་པོ་ཉེ་དུས་ཟླ་གཅིག་ལྷག་ཙམ་རིང་སྔ་རྗེས་སུ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རིམ་པ་དང་པོའི་རྩ་ཆེ་ལ་སྟོངས་ཉེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་ཐེངས་གཉིས་བརྒྱབ་སྟེ་འབྲོང་5དང་རྐྱང་4བསད་པ་རྣམས་ས་ཆ་ཞིག་ཏུ་སྦས་ནས་ཚོང་རྩིས་ཡོད་པའི་ངོས་ལེན་ཞུས།
         ད་ཆ་ཉེས་གསོག་དོགས་ཅན་ལྔ་པོ་དེ་དག་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་འདྲི་གཅོད་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།
         འབྲོང་དང་རྐྱང་ནི་མཚོ་བོད་ས་མཐོ་ཁོ་ནར་འཚོ་སྡོད་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། གཏེར་ལེན་ཁ་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ཚྭ་འདམ་གཤོང་སར་གནས་པ་དང་དེར་མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།