འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་སུ་ཉེན་ཟོན་སློབ་གསོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་གྱོད་དཔེའི་ཐོག་ནས་བཅའ་ཁྲིམས་འགྲེལ་བ་དང་དངོས་ཡོད་ལ་བརྟེན་ནས་སེམས་འགུལ་ཐེབས་སུ་འཇུག་པའི་ཉེན་ཟོན་སློབ་གསོ་བཏང་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བསམ་བློ་ཀུན་སྤྱོད་ཀྱི་སྲུང་རགས་བརྟན་པོར་འཛུགས་རྒྱུའི་སྣེ་ཁྲིད་བྱས་པ་དང་ཆབས་ཅིག་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དང་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ། བསམ་བློ་སློབ་གསོའི་ལྟེ་བའི་ལྷུ་ཚིགས་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཁྲོད་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།
         ཟླ་11ཚེས་14ཉིན། ཞིང་ཨུད་ཀྱིས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཉིན་གཅིག་གི་ནང་ཀྲུང་དབྱང་སྒྲིག་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཕབ་སྐྲུན་བྱས་པའི་ཆེད་དོན་གློག་བརྙན་《ནམ་ཡང་འགྲོ་མུས་ཡིན་པ་(ལེའུ་དང་པོ་ནས་བརྒྱད་པའི་བར་)》ལ་གཅིག་སྡུད་ཐོག་བལྟས་ཤིང་། གློག་བརྙན་ཁྲོད་ནས་གོ་རྟོགས་སད་པ་དང་། མཐའ་ཚད་ཤེས་པ། གུས་སྐྲག་ཤེས་པ་བཅས་བྱུང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ལོན་ཚད་སྔར་བས་གཏིང་ཟབ་ཏུ་བཏང་བ་མ་ཟད། ད་དུང་《ཚད་གཞི་》དང་《སྲོལ་ཡིག་》གི་དགོངས་དོན་གྱི་ངོ་བོ་དང་གཞི་རྩའི་བླང་བྱར་གོ་བ་ལོན་ཚད་དང་ཁོང་དུ་ཆུད་ཚད་ཀྱང་ཟབ་ཏུ་བཏང་བ་རེད། ཟླ་11ཚེས་10ཉིན་གྱི་ཕྱི་དྲོར་ཞིང་ཨུད་ཀྱིས་ཞིང་ཆེན་ཐད་གཏོགས་ཚན་པ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པའི་སྲིད་གཙང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་ནས། ཞིང་ཆེན་ཁྲིམས་འཛིན་ཐིང་གི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་ཐིང་ཀྲང་ཝང་ཧྲེང་ཏེས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་གཞི་བརྡ་ཁྱབ་བཏང་ཞིང་། ཝང་ཧྲེང་ཏེས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འགན་འཁུར་ཚུན་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཅས་དང་འགལ་ནས་ཉེས་གསོག་གི་དོགས་པ་ཡོད་པའི་དོན་དངོས་བརྡ་ཁྱབ་བཏང་བ་དང་སྦྲགས། བསམ་བློའི“བསད་སྤར་ཨ་མ”ཡག་པོ་མ་བརྒྱབ་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཧ་ཅང་ཞན་པ། སྲིད་དོན་སྒྲུབ་པའི་ཀུན་སྤྱོད་ངན་པ། ཚན་པའི་ཆབ་སྲིད་ཁོར་ཡུག་ལ་སྦགས་བཙོག་ཐེབས་པ། “འགན་འཁྲི་གཉིས”མ་སྒྲུབ་པ་སོགས་ཀྱི་རྒྱུ་རྐྱེན་དང་དེ་བཞིན་དེའི་གནོད་འཚེ་ཚབས་ཆེན་ལ་དབྱེ་ཞིབ་ཀྱང་བྱས་པ་རེད།
         ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་གིས། “ཝང་ཧྲེང་ཏེའི་གྱོད་གཞི་འདི་ནི་དཔེ་མཚོན་ཞིག་ཡིན་པ་མ་ཟད། ད་དུང་དེས་ཤུགས་རྐྱེན་ཡང་ཧ་ཅང་ངན་པ་ཐེབས་ཡོད་པས། ང་ཚོས་ལྡོག་ཕྱོགས་ཀྱི་ཁྲིད་གཞི་འདི་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྲོད་ཉེན་ཟོན་སློབ་གསོ་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། མིག་སྔར་ཉེན་ཟོན་སློབ་གསོ་འདི་གྲོང་ཁྱེར་(ཀྲོའུ་)དང་རྫོང་ཁག་ཏུ་གཏོང་བཞིན་ཡོད་པ་རེད། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་དང་ལས་གནས་གལ་ཆེན་གྱི་ཁྲུའུ་རིམ་པའི་ལས་བྱེད་པ་1500ཙམ་གྱིས་ཉེན་ཟོན་སློབ་གསོ་དང་ལེན་ཞུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།