འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་གྱི“ཡོད་པ་གསུམ”གྱི་མ་དཔེ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་06ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་སའི་ཆུ་ཤུར་རྫོང་རྟ་དཀར་ཤང་གི་ཁོངས་སུ་གྲོང་སྡེ་གསར་རྐྱང་ཞིག་ཡོད་པ་དེས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་། གྲོང་ཚོའི་ནང་གི་དུད་ཚང་ཚང་མའི་སྒོ་རྩ་བར་ཨར་འདམ་ལམ་ཆུང་བཏིངས་ནས་གསར་དུ་བཏབ་མ་ཐག་པའི་སྡོང་ཕྲུག་གྲལ་སྟར་སྒྲིག་པོ་ཡོད་ལ། སྡོད་ཁང་ཚང་མ་སྤྱིར་ན་ཐོག་སོ་གཉིས་ལྡན་ཡིན་པ་དང་དམར་མདངས་བཀྲ་བའི་རྒྱལ་དར་རྒྱལ་སྒོའི་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཁང་པའི་ནང་དུ་འཛུལ་སྐབས། ཚོམས་ཆེན་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཁྱིམ་ཆས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་ཐོག་སོ་གཉིས་པར་ད་དུང་ཆེད་མངགས“མཆོད་ཁང”ཡང་ཡོད། འདི་ནི་བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གྲོང་ཚོ“ཡོད་པ་གསུམ་གྱི་གྲོང་ཚོ”ཐོག་མ་དེ་ཡིན་པ་རེད།
        “ཡོད་པ་གསུམ་གྱི་གྲོང་ཚོ”ནི“སྡོད་ཁང་ཡོད་པ་དང་། ཐོན་ལས་ཡོད་པ། བདེ་ཐང་ཡོད་པ”བཅས་རེད། འདི་ལོའི་ཟླ་3པར་ཡོད་པ་གསུམ་གྱི་གྲོང་ཚོ་དེ་ཆུ་ཤུར་མེ་འཁོར་བབས་ཚུགས་ཀྱི་ས་འབྲེལ་ཐང་རྒོད་ཐོག་སྐྲུན་འགོ་ཚུགས་པ་དང་ཟླ་4ཙམ་སྤྱད་དེ་གྲོང་ཚོ་ཚང་མ་གནས་སྤོས་ཐུབ་པ་བྱུང་ཡོད། ཡོད་པ་གསུམ་གྱི་གྲོང་ཚོར་ད་ལྟ་གནས་སྡོད་དུད་ཚང་184ཡོད་པ་ཚང་མ་ཆུ་ཤུར་རྫོང་རྟ་དཀར་ཤང་དང་། ཚ་རགས་ཤང་། ཆུ་ཤུར་གྲོང་རྡལ་བཅས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཤ་སྟག་རེད།
        “གྲོང་ཚོའི་ནང་དུད་ཚང་རིགས་3བསྐྲུན་པ་སོ་སོ་ནི། སྨི་ངོས་གྲུ་108དང་། སྨི་ངོས་གྲུ་144 སྨི་ངོས་གྲུ་165བཅས་ཡིན་པ་དང་། དུད་ཚང་དབུལ་པོའི་ཁྱིམ་ཚང་གི་མི་གྲངས་ལ་གཞིགས་ནས་རྒྱ་ཁྱོན་མི་འདྲ་བ་སྤྲད་པ་མ་ཟད། ཁྱིམ་ཆས་ཀྱང་གྲོང་ཚོ་ཨུ་ལྷན་གྱིས་སྤྲད་པས་མེ་སེར་རྣམས་སྡོད་ཆོག་ཆོག་བྱུང་ཡོད”ཅེས་ཡོད་པ་གསུམ་གྱི་གྲོང་ཚོའི་གཤམ་སྐྱོད་ལས་བྱེད་པ་བསྟན་འཛིན་འཇིགས་མེད་ཀྱིས་བཤད།
         “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཡོང་ཆེད། ཆུ་ཤུར་རྫོང་གིས“གནས་སྤོ་དང་ལས་ཞུགས”མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་ཁྲི་1886གྲབས་གསོག་བྱས་ཏེ་ཤང་གྲོང་ལས་བྱེད་པ་དོ་དམ་ནང་ཞུགས་པའི་ཡུལ་གཞན་དུ་དབུལ་སྐྱོར་བྱེད་པའི་ཐོན་ལས་རྣམ་གྲངས—བཞོན་མ་གསོ་ཚགས་མཉམ་ལས་ཁང་དང་། བོད་བྱ་གསོ་ཚགས་མཉམ་ལས་ཁང་། ཞིང་འབྲོག་པའི་འདེབས་འཛུགས་མཉམ་ལས་ཁང་བཅས་བཙུགས་པ་དང་། མཉམ་ལས་ཁང་གིས“ཀུང་སི+ཕྱུག་འགྱུར་སྣེ་ཁྲིད་པ+མཉམ་ལས་ཁང+དུད་ཚང་དབུལ་པོ”བཅས་ཀྱི་གཉེར་སྐྱོང་རྣམ་པ་སྤྱད་དེ་གཉེར་སྐྱོང་བྱེད་པ་དང་གནས་སྤོས་དུད་ཚང་དབུལ་པོས་ངལ་ནུས་ཕྱིར་གཏོང་གི་བྱ་ཐབས་ལ་བརྟེན་ནས་མ་རྐང་ནང་ཞུགས་པས་ཁེ་སྤོགས་བྱུང་ཡོད་ལ་འབབ་འཕར་ཡང་བྱུང་ཡོད།
         “བཞོན་མ་གསོ་ཚགས་མཉམ་ལས་ཁང་ནང་ད་ཆ་བཞོན་མ་200ཡོད་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་རྗེས་སུ་སྔོན་རྩིས་བྱས་ན་སང་ལོ་བཞོན་མ་500ཟིན་རྒྱུ་རེད། འོན་ཀྱང་འདེབས་འཛུགས་ལས་རིགས་ཀྱིས་ཨ་ཤོམ་དང་བོད་སྨན་རྒྱུ་ཆ་གཙོ་བོར་བྱེད་ཀྱི་ཡོད”ཅེས་རྟ་དཀར་ཤང་གི་ཤང་ཀྲང་གཞོན་པ་ཡོད་པ་གསུམ་གྱི་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་དབྱངས་ཅན་གྱིས་གསར་འགོད་པར་བཤད། ད་ཆ་འདེབས་འཛུགས་ལས་རིགས་ཀྱིས་གསོ་ཚགས་ལས་རིགས་ལ་གཟན་རྩྭ་མཁོ་འདོན་བྱེད་པ་དང་གསོ་ཚགས་ལས་རིགས་ཀྱིས་འདེབས་འཛུགས་ལས་རིགས་ལ་རྫས་ལུད་མཁོ་འདོན་བྱེད་པའི་འཁོར་རྒྱུག་དཔལ་འབྱོར་གྱི་རྣམ་པ་མངོན་འགྱུར་ཐུབ་ཡོད།
         གནས་སྤོ་ནི་ཐབས་ཤེས་དང་དབུལ་སྒྲོལ་ཕྱུག་འགྱུར་ནི་དམིགས་ཡུལ་ཡིན། ཡོད་པ་གསུམ་གྱི་གྲོང་ཚོའི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་གཅིག་ནི་གནས་སྤོས་དུད་ཚང་ལ་སྔོན་ནས་ཡོད་པའི་རྨོ་ཞིང་དེ་དག་གཅིག་གྱུར་ཤང་སྲིད་གཞུང་ལ་བརྒྱུད་བཤུག་བཏང་བས་མུའུ་རེར་བོགས་གླ་སྒོར་800ཡོད་པ་དང་། གཅིག་ཤོས་ནི་ཕྱིར་གླ་པ་རྒྱུག་པའམ་ཡང་ན་གྲོང་ཚོའི་ནང་གི་ཐོན་ལས་གླིང་དུ་ངལ་ནུས་ཕྱིར་གཏོང་གི་ཡོང་འབབ་ཡིན་པ་རེད།
         ཡོད་པ་གསུམ་གྱི་གྲོང་ཚོར་གསར་འགོད་པར་བག་ཆགས་ཟབ་ཤོས་བྱུང་བ་ནི། དེ་གར་འཐུས་སྒོ་ཚང་ལ་ལེ་ལག་ཚང་བའི་སྒྲིག་ཆས་ཡོད་པའི་ཁྲོད་གྲོང་ཚོ་ཨུ་ལྷན་དང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་བཅས་དང་དེ་བཞིན་མཉམ་སྡེབ་ཀྱི་ངལ་གསོ་དང་། སྤྲོ་གསེང་། ལུས་སྦྱོང་བཅས་གཞི་གཅིག་ཏུ་བྱས་པའི་སྤྱི་གླིང་ཚུད་ཡོད་ལ་ད་དུང་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་དང་དེ་བཞིན་གློག་སྐས་སོགས་མ་ལག་སྒྲིག་སྦྱོར་བྱས་ཡོད་པ་རེད། བསྟན་འཛིན་འཇིགས་མེད་ཀྱིས་གློག་སྐས་དམར་པོར་མཛུབ་མོ་འཛུགས་བཞིན་དུ་དགོང་མོ་མུན་པ་རུབ་སྐབས་དེ་གར་གང་ས་གང་དུ་མཐོང་རྒྱུ་ཡོད་པའི་ལམ་སྒྲོན་གྱིས་ཁྲ་ཆིལ་ཆིལ་གྱི་འོད་མདངས་འཕྲོ་བས་ཧ་ཅང་མཛེས་པོ་ཡོད་པ་མ་ཟད། ད་དུང་ཉེན་གཏོང་སྒྲིག་ཆས་ཀྱང་ཡོད། ཉེ་དུས་གྲོང་ཚོའི་ནང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཡོང་མཁན་མི་ཧ་ཅང་མང་པོ་ཡོད་པས་རྟག་ཏུ“ཏི་ཏི”ཞེས་པའི་ཉེན་གཏོང་སྒྲ་ཐོས་རྒྱུ་ཡོད་ཅེས་བཤད།
         ཡོད་པ་གསུམ་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ནི་སྨན་བཅོས་དང་། སྔོན་འགོག བདེ་སྲུང་བཅས་གཞི་གཅིག་ཏུ་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཕྲོད་བསྟེན་ཁང་ཞིག་ཡིན་པ་དེར་མ་དངུལ་བསྡོམས་སྒོར་ཁྲི་75.6བཏང་ཞིང་། གསར་འགོད་པས་དེ་གར་སྒོ་བསྟེན་སྨན་བཅོས་ཁང་དང་། ནད་བཅོས་ཁང་། སྨན་སྦྱོར་ཁང་། སྔོན་འགོག་སྨན་ཁབ་རྒྱག་ཁང་། བདེ་ཐང་སློབ་གསོ་ཁང་སོགས་ནུས་པའི་ཚན་ཁག་བཙུགས་ཡོད་པས“ས་རྒྱ་ཆུང་ཡང་ཚང་མ་འཛོམས་ཡོད་པ་མཐོང་བྱུང”ཞེས་བཤད།
         ཟླ་ཞུའེ་ཡི་བཟའ་ཟླ་ད་ཆ་གྲོང་ཚོའི་ནང་གི་བཞོན་མ་གསོ་ཚགས་མཉམ་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཚ་བོ་གཉིས་ཀྱང་གྲོང་ཚོའི་ནང་གི་བུ་བཅོལ་ཁང་དུ་སློབ་གྲྭར་སྐྱོད་ཀྱི་ཡོད། ཁོ་མོ་ཚ་རགས་ཤང་གི་མུའུ་10ལྷག་ཙམ་གྱི་ས་ཞིང་ནས་ལོ་ལྟར་ཡོང་འབབ་སྒོར་8000ལྷག་ཙམ་ཡོང་གི་ཡོད་པ་དང་བ་ཕྱུགས་མགོ་གྲངས་གསུམ་ཡོད་པ་དེ་ཡང་སྤུན་མཆེད་ལ་ལྟ་རྟོག་བྱ་རྒྱུར་རྩིས་སྤྲད་ཡོད། དུས་རྒྱུན་ཁོ་མོའི་ཁྱིམ་ལས་གཙོ་བོ་ནི་ཁྱིམ་མིར་ལྟོ་ཆས་བཟོ་རྒྱུ་དེ་རེད། ཡོད་པ་གསུམ་གྱི་གྲོང་ཚོའི་ལས་བྱེད་པ་ཚོས་ཁོ་མོ་ལྟར་ཕྱིར་གླ་པར་སྐྱོད་ཐབས་བྲལ་བའི་གྲོང་མིའི་ཡོང་འབབ་ཀྱི་གནད་དོན་ཐད་བསླས་འཐག་མཉམ་ལས་ཁང་འཛུགས་རྒྱུའི་འཆར་འགོད་ཧུར་ཐག་བྱེད་བཞིན་ཡོད་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཚོ་གསར་པས་མི་རྣམས་ལ་རེ་བ་ཟད་མེད་སྦྱིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།