འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་རྟེན་གཞིའི་ནུས་མང་གསབ་རེས་དང་ལེགས་བསྡུས་བཟང་
    སྒྲིག་གི་ཞིབ་འཇུག་ལས་དོན་སྤེལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་དང་མཚོ་ལྷོ་གཉིས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞིས་གཞི་ཁྱོན་ཆེ་བའི་གསར་སྤེལ་དང་གློག་གཏོང་གི་དགོས་མཁོ་བསྐངས་ནས་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་དང་ཕྱིར་གཏོང་ནུས་པ་གང་ཆེ་འདོན་ཆེད། ཉེ་ཆར་མཚོ་སྔོན་ནུས་རྒྱུ་གཙང་མའི་རྟེན་གཞིའི་ནུས་མང་གསབ་རེས་དང་ལེགས་བསྡུས་བཟང་སྒྲིག་གི་ཞིབ་འཇུག་ལས་དོན་དངོས་སུ་སྤེལ་འགོ་བརྩམས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིབ་འཇུག་ལས་དོན་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་ཁར། ཀྲུང་གོ་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ནུབ་བྱང་རྩད་ཞིབ་འཆར་འགོད་ཞིབ་འཇུག་ཁང་གི་ཚད་ཡོད་ཀུང་སི། ཀྲུང་གོ་གློག་ཤུགས་འདུ་འགོད་བློ་འདྲི་ཚོགས་པའི་ནུབ་བྱང་གློག་ཤུགས་འཆར་འགོད་ཁང་གི་ཚད་ཡོད་ཀུང་སི་མཉམ་ཞུགས་ཀྱིས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་ཁྱད་ཆོས་དང་། མཚོ་སྔོན་གྱི་ནུས་མང་གསབ་རེས་དང་ལེགས་བསྡུས་བཟང་སྒྲིག ནུས་མང་གསབ་རེས་བྱེད་པའི་མཚོ་སྔོན་གྱི་གློག་དྲ་གཙོ་བོ་བཟང་སྒྲིག་བྱ་རྒྱུ་དང་འཚམ་པ། ནུས་མང་གསབ་རེས་ཚོད་འཛིན་ཐབས་བཀོད་དང་བདེ་འཇགས་བརྟན་པོ་ཡོང་བར་དབྱེ་ཞིབ་བྱ་རྒྱུ་བཅས་ཞིབ་འཇུག་ཁ་ཕྱོགས་བཞི་ནས་འགོ་བཙུགས་ཏེ་ཆེད་དོན་རྣམ་གྲངས་11སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཟླ་བཅུ་གཅིག་གི་ཟླ་འགོར་ཚན་པ་བཞིས་པེ་ཅིང་དུ་《ནུས་རྒྱུ་གཙང་མའི་རྟེན་གཞིའི་ནུས་མང་གསབ་རེས་དང་ལེགས་བསྡུས་བཟང་སྒྲིག་ལ་ཞིབ་འཇུག་བྱེད་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་ཅིང་། སྔོན་ཚོད་ལྟར་ན། འདི་ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་དེ་ནུས་རྒྱུ་གཅིག་རྐྱང་ཡིན་པའི་ཁྱད་ཆོས་ལ་ཞིབ་འཇུག་དང་ཕན་ཚུན་གཞོགས་འདེགས་འོག་ནུས་པ་གསབ་རེས་ཀྱི་ཞིབ་འཇུག་གྲུབ་འབྲས་རགས་ཙམ་ཆགས་པ་བྱས་ཏེ་2017ལོའི་ཟླ་5པར་ཞིབ་འཇུག་བྱས་འབྲས་སྙན་ཞུ་འབྲི་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་ཉི་ནུས་དང་འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཚམས་པའི་མྱ་ངམ་ཐང་མང་པོ་ཡོད་པ་རེད། ཉེ་བའི་ལོའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་སྔོན་ལ་འཇོག་པའི་འདུ་ཤེས་རྒྱུན་འཁྱོངས་ཁར་རང་བྱུང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་འོད་ཤུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལོ་གཅིག་ལ་ཆན་ཝ་ཁྲི་བརྒྱ་ཟིན་པའི་མྱུར་ཚད་ཐོག་ནས་ཚྭ་འདམ་གཤོངས་ས་དང་ཆབ་ཆ་གཉིས་ལ་ཆན་ཝ་ཁྲི་བརྒྱ་རིམ་པའི་དྲ་སྦྲེལ་འོད་ཤུགས་གཅིག་སྡུད་གཞི་ཁྱོན་ཆེན་པོ་ལྡན་པའི་གློག་འདོན་རྟེན་གཞི་སྔ་རྗེས་སུ་བཙུགས་ཤིང་། འབྲེལ་ཡོད་ཀྱི་བསྡོམས་རྩིས་གྲངས་གཞིར་བལྟས་ཚེ། 2016ལོའི་ཟླ་10ཚེས་31ཉིན་བར་ཞིང་ཆེན་ཡོངས་སུ་འཕྲུལ་ཆས་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2330ཟིན་པའི་ནང་འོད་ཤུགས་(ཉི་འོད་ཚ་ནུས་ཚུད)དྲ་སྦྲེལ་འཕྲུལ་འཁོར་ནས་གཏོང་བའི་གློག་ཆན་ཝ་ཁྲི་678ཚུད་ཡོད་པ་དེས། ཞིང་ཆེན་ཡོངས་ནང་གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་བའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་བའི་ཁྲོད་མཚོ་སྔོན་གྱི་འོད་ཤུགས་གློག་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་253.52ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།