འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མི་རིགས་འཚེམ་དྲུབ་སྒྱུ་རྩལ་པ་50ཀོང་ཀྲོའུ་སློབ་ཆེན་དུ་བསྐྱོད་ནས་གསོ་
    སྦྱོང་དང་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ—མཚོ་སྔོན་རྨ་ཙོང་འཚེམ་དྲུབ་གསོ་སྦྱོང་འཛིན་གྲྭ་ཟླ་11ཚེས་1ཉིན་ཀོང་ཀྲོའུ་སློབ་ཆེན་དུ་དངོས་སུ་སློབ་ཚན་ཁྲིད་འགོ་ཚུགས་ཤིང་། མཚོ་སྔོན་གྱི་ཡ་རྫི་རྫོང་དང་། སྐུ་འབུམ་རྫོང་། རྒྱ་མདོ་ཧུད་རིགས་རང་སྐྱོང་རྫོང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། བཀའ་མ་ལོག་ཧུད་རིགས་དང་ཧོར་རིགས་རང་སྐྱོང་རྫོང་བཅས་ནས་ཡོང་བའི་འཚེམ་དྲུབ་སྒྱུ་རྩལ་པ་50ཡིས་དུས་ཡུན་ཟླ་བ་གཅིག་རིང་གསོ་སྦྱོང་དང་ལེན་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱི་ཚབ་མཚོན་རང་བཞིན་ལྡན་ཞིང་སྲོལ་རྒྱུན་གྱི་བཟོ་བཀོད་མཛེས་རྩལ་གྱི་གྲས་ཤིག་ཡིན་པའི་རྨ་ཙོང་གི་འཚེམ་དྲུབ་མར་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པ་མ་ཟད། ད་དུང་ལག་རྩལ་དེ་ཤེས་མཁན་མང་པོ་ཡོད། 2009ལོར་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གསུམ་པའི་ནང་བཀོད་ཡོད། ཉེ་བའི་ལོ་ཤས་རིང་ཡ་རྫི་རྫོང་གི་ཧྲེང་ཐོ་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་མི་རིགས་འཚེམ་དྲུབ་ཐོན་སྐྱེད་ཁེ་ལས་ཁག་གཅིག་འབུར་དུ་ཐོན་མོད། འོན་ཀྱང་རྨ་ཙོང་འཚེམ་དྲུབ་གསར་སྤེལ་དང་བེད་སྤྱོད་བྱ་ཚུལ་ལ་བལྟས་ན་ཐོན་རྫས་ཀྱི་སྣ་ཁ་རྐྱང་པ་ཡིན་པ་དང་། འཆར་འགོད་གསར་སྤེལ་བྱེད་ཤུགས་མི་འདང་བ། གསར་གཏོད་ནུས་པ་ཆེན་པོ་མེད་པ། དེང་དུས་འཚོ་བའི་ནང་འཇུག་མི་ཐུབ་པ་སོགས་ཀྱི་ཞན་ཆ་ཆེ་ཙམ་ཡོད། ད་རེས་ཀྱི་གསོ་སྦྱོང་རིང་རྨ་ཙོང་འཚེམ་དྲུབ་ཀྱི་སྲོལ་རྒྱུན་ཁྱད་ཆོས་དང་འཕེལ་རྒྱས་བྱུང་ཚུལ་ལ་གཞིགས་ཏེ། སློབ་ཁང་སློབ་ཁྲིད་དང་། ལག་ལེན་བཀོལ་སྤྱོད། ལྟ་སྦྱོང་ཉམས་ཞིབ། བརྩམས་ཆོས་འགྲེམས་སྟོན་སོགས་རྣམ་པ་བརྒྱུད་ཀོང་ཀྲོའུ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་དང་རིགས་གཅིག་མཁས་ཅན་སློབ་ཁྲིད་ཚོགས་པས་སྒྱུ་རྩལ་པ་ཚོར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་ཇུས་དང་། བཟོ་རྩལ་མཛེས་རྩལ་གྱི་རྨང་གཞིའི་ཤེས་བྱ། རྨ་ཙོང་འཚེམ་དྲུབ་གསར་གཏོད་ཇུས་འགོད་སོགས་ནང་དོན་གཙོ་བོར་བཟུང་ནས་འཆད་འཁྲིད་དང་གསལ་འགྲེལ་བྱ་རྒྱུ་རེད། གསོ་སྦྱོང་བརྒྱུད་སློབ་མ་ཚོར་རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་དང་ཆབས་ཅིག་མཐོང་རྒྱ་ཆེ་རུ་བཏང་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རེད། དུས་མཚུངས་སུ་ཚང་མར་ཀོང་ཀྲོའུ་ཡི་འཚེམ་དྲུབ་སྒྱུ་རྩལ་སློབ་སྦྱོང་བྱས་པ་དང་མིག་དཔེ་བལྟས་པའི་རྨང་གཞིའི་སྟེང་རྨ་ཙོང་འཚེམ་དྲུབ་རིག་གནས་ཀྱི་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་དེ་བཞིན“འཚེམ་དྲུབ་བུད་མེད”སྔར་བས་མང་པོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱ་རྒྱུའི་སྐུལ་ཁྲིད་བྱས་ཏེ་རྨ་ཙོང་འཚེམ་དྲུབ་ཀྱི་རྒྱུན་འཛིན་པ་སྔར་བས་མང་དུ་གཏོང་རྒྱུ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།