འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྫ་སྟོད་ཡོམ་ཁུལ་དུ་དགུན་སྒྲོལ་ཐད་སེམས་ཁྲལ་མེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ཆུའི་ཆུ་འགོའི་རྫོང་དང་པོ་སྟེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་ཉིན་ཤས་བསྟུད་མར་ཁ་བ་བབས་ནས་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་རེད།
         ད་ལོའི་ཟླ་10ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་14དང་སྐར་ཆ་42ལ། རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་ནས་འབྲོག་དུད་3000ལྷག་ཙམ་གྱི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་དབུ་བཞུགས་སྔོན་བརྡ་གཏོང་མཁན་ཝུའེ་ཧྲུའུ་ཞས་ངོ་སྤྲོད་བྱས་པར་གཞིགས་ན། ཤིན་ཅང་གི་ཤར་རླུང་གྲང་མོའི་ཤུགས་རྐྱེན་ཕོག་པའི་དབང་གིས་མཚོ་སྔོན་ཞིང་ཆེན་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་5ནས་7བར་ཆག་པ་དང་། ཚེས་27ཉིན་རྫ་སྟོད་རྫོང་གི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལ་སླེབས་ཡོད་པ་རེད།
         “ས་ཡོམ་བརྒྱབ་རྗེས་ཁོང་ཚོ་སོ་སོའི་སྒོ་རའི་ནང་ཕུབས་པའི་རས་གུར་ནང་དུ་བསྡད་ཡོད”ཅེས་རྫ་སྟོད་རྫོང་བྱ་འཕུར་ཐང་སྡེ་ཁུལ་བྱང་སྐོར་ལམ་དུ་གཞིས་ཆགས་པའི་ཡུལ་མི་བསོད་ནམས་ནོར་བུས་གསར་འགོད་པར་བཤད་ཅིང་། ཁོང་གི་ཁྱིམ་ནི་ལོ་ཁ་ཤས་ཀྱི་གོང་དུ་རྫོང་དེའི་རྣམ་སྲས་ཤང་རི་ཆེན་གྲོང་ཚོ་ནས་དེ་གར་སྤོས་ཡོང་བ་ཞིག་རེད།
         “2010ལོའི་ཡུལ་ཤུལ་ས་ཡོམ་བརྒྱུད་མྱོང་བས། ད་ཆ་ས་ཡོམ་བརྒྱབ་ནའང་དེ་ཙམ་གྱི་སྐྲག་སྣང་སྐྱེ་གི་མི་འདུག ངའི་ནང་མི་ཚང་མས་ཉིན་ལྟར་རས་གུར་ནང་ཤ་བཙོས་ནས་ཟ་གི་ཡོད། སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་བསོད་ནམས་ནོར་བུས་བཤད།
         བྱ་འཕུར་ཐང་གྲོང་རྡལ་གྱི་དྲ་མིག་གསུམ་པའི་དྲ་མིག་དཔོན་ཚེ་རིང་ཐར་མགོན་གྱིས། དྲ་མིག་དེའི་ནང་དུ་དུད་ཚང་220ལྷག་ཙམ་དང་མི་800ལྷག་ཙམ་ཡོད་ལ། དེ་ནི་རྫ་སྟོད་རྫོང་གི་མི་འབོར་ཅུང་འདུས་སྡོད་བྱེད་མང་བའི་ཁོངས་སུ་གཏོགས། ད་ཆ་ཡུལ་མི་མང་པོ་ཞིག་དྲོ་སྐྱིད་ལྡན་པའི་སྡོད་ཁང་ནང་དུ་སྤོས་ཡོད། རྫོང་ནས་ཀྱང་ཁོང་ཚོར་གཅིག་སྡུད་བཀོད་སྒྲིག་བྱེད་སའི་རས་གུར་སྤྲད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         རྫ་སྟོད་རྫོང་གི་རྫོང་དཔོན་བསོད་ཁོས། མིག་སྔར་རྫོང་གིས་ལས་བྱེད་པ་ཤང་དང་གྲོང་རྡལ་དང་སྡེ་ཁུལ་ཁག་ཏུ་མི་སེར་ཚོར་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པར་མངགས་པ་དང་། རྫོང་གིས་དུད་ཚང་དབུལ་པོ་4000ལ་རོགས་སྐྱོབ་དངུལ་སྒོར་500རེ་སྤྲད་པ་མ་ཟད་ད་དུང་དགུན་ཁར་མཁོ་བའི་འཚོ་བའི་མཁོ་ཆས་ཀྱང་ཉོས་པ་དང་། སྲིང་བལ་གྱི་གུར་2000ལྷག་ཙམ་ཡང་འབྱོར་གྲབས་ཡོད་པས་གང་མགྱོགས་གནོད་འཚེ་ཕོག་པའི་འབྲོག་པ་མང་ཚོགས་ལ་སྤྲོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཟླ་10ཚེས་28ཉིན། གསར་འགོད་པ་བྱ་འཕུར་ཐང་གྲོང་རྡལ་གྲོང་གསར་གྱི་སྐྱིད་སྣ་ཐང་རྒན་གསོ་ཁང་དུ་སྐྱོད་སྐབས། སྒོ་རའི་ནང་རས་གུར་དྲུག་ཕུབས་ཡོད་པའི་ནང་རྒན་རྒོན་ཚོ་སོས་དལ་བག་ཕེབས་ངང་ཉི་མ་བསྲོས་ནས་བསྡད་ཡོད་པ་མཐོང་བྱུང་།
         རྫ་སྟོད་རྫོང་སློབ་གསོ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཉི་རྒྱལ་གྱིས། ས་ཡོམ་བརྒྱབ་རྗེས་རྫོང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་སྡོད་ཁང་ལ་ཕྱོགས་ཡོངས་ནས་དཔྱད་སྡོམ་བྱས་པ་དང་། ཟླ་10ཚེས་23ཉིན། རྫོང་དེ་ཡོངས་ཀྱི་སློབ་གྲྭ་20ལྷག་ཙམ་ཡང་བསྐྱར་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         “རྫོང་ནང་གི་སློབ་གྲྭ་ཚང་མར་དྲོད་རླངས་ཡོད་པ་དང་། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་གྲྭའི་སློབ་ཁང་དུ་ཡང་ལྕགས་ཐབ་བཙུགས་ཡོད་པས། འདི་ལོའི་དགུན་ཁར་བྱིས་པ་ཚོ་འཁྱག་གི་མ་རེད”ཅེས་ཉི་རྒྱལ་གྱིས་བཤད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།