འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་འཕེལ་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་
    སྲུང་སྐྱོབ་བྱེད་པའི་རྨང་གཞི་ཞིག་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན།   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧེ་ཐའོ་ཡིས་འཕེལ་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཞིག་ཡིན་ཞེས་གསུངས་པ་དང་འབྲེལ་ཁོང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་སྔོན་ལ་སེལ་རོགས་བྱས་ནས་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།
         སྐབས་བདུན་ཅུ་དོན་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱི་ཚོགས་དང་། མི་ཆོས་རིང་ལུགས། རིག་གནས་བཅས་ཀྱི་འགན་འཁུར་མཁན་ཨུ་ཡོན་ལྷན་ཁང་གསུམ་པས་ཉིན་དེར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་གཞིར་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་བྱས་པ་རེད། ཝུའུ་ཧེ་ཐའོ་ཡིས་གཏམ་བཤད་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་དང་མཉམ་ལས་བྱེད་སྐབས་ངེས་པར་དུ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དགོངས་དོན་དང་རྩ་དོན་ལ་བརྩི་སྲུང་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་ཚུགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་བཀུར། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་བཅས་ཞུ་དགོས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ལ་ཚད་གཞི་གཉིས་བཟུང་རྒྱུར་ངོ་རྒོལ་ཡང་བྱ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མི་ཉན། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཏེ་ཕན་ཚུན་སྐད་ཆ་བྱས་ནས་མཉམ་ལས་དང་། སྒོ་དབྱེ་ཁོག་ཡངས་ཁྲོད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་གསལ་འབྱེད། ཕན་ཚུན་ཡིད་ཆེས་གཏིང་ཟབ་བྱེད་པའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་མ་གཏོང་བའི་ཐབས་ལམ་ནུས་ལྡན་ངང་བཙལ་འཚོལ་བྱེད་དགོས་ཞེས་གསུངས་པ་རེད།
         ཝུའུ་ཧེ་ཐའོ་ཡིས་འཕེལ་རྒྱས་ནི་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཞིག་ཡིན། དེས་ན་ཕྱོགས་ཁག་གིས་《འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ་》དེ་སྣེ་འདྲེན་དུ་བྱེད་པ་དང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་སུ་འཛིན་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཀྲེས་ལྟོགས་དང་དབུལ་ཕོངས་སྔོན་ལ་སེལ་རོགས་བྱས་ནས་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་ཡོང་བ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོབ་ཀྱི་ཁས་ལེན་དོན་འཁྱོལ་ཏན་ཏིག་བྱེད་དགོས། སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་འདོད་བློ་བསྐང་རྒྱུ་ནས་འགོ་བཙུགས་པ་དང་དོན་དངོས་ནས་འགོ་བཙུགས་ཏེ་རྒྱལ་ཁབ་ཁག་གིས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་སྟངས་རང་མོས་ངང་གདམ་ག་བྱེད་པར་བརྩི་སྲུང་ཞུ་དགོས་ཞེས་གསུངས་ཤིང་། ཁོང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་དོ་སྙོམས་ངང་འཕེལ་རྒྱས་དང་མཐུན་སྦྱོར་ངང་མཉམ་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་འབོད་སྐུལ་ཡང་གནང་བ་རེད།
         ཝུའུ་ཧེ་ཐའོ་ཡིས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་ཞིག་བཏོད་ཡོད་ལ་འགྲོ་བ་མིའི་ཐོབ་ཐང་ཐད་གྲུབ་འབྲས་ཐོབ་པ་ནི་ཀུན་གྱིས་མཐོང་གསལ་ཡང་རེད། འདི་ལོའི་ཟླ་དགུ་པར་ཀྲུང་གོ་སྲིད་གཞུང་གིས་《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་》དུས་ཐེངས་གསུམ་པ་ཁྱབ་བསྒྲགས་བྱས་ནས་2016ལོ་ནས་2020ལོའི་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོང་གསལ་དམིགས་ཚད་དོན་འཁྱོལ་བྱ་ཆེད་ཞིབ་ཕྲའི་ལས་འགན་དང་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་འབྲེལ་ལྟ་སྐུལ་དང་ཚོད་སྐོར་གྱི་ལས་དོན་སྤེལ་ཤུགས་ཀྱང་ཆེ་རུ་བཏང་ནས་བྱ་སྤྱོད་འཆར་གཞི་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་དང་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མུ་མཐུད་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།