འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་རྒྱུག་འགྲན་བསྡུར་སླར་ཡང་ས་མཐོར་འགྲན། བོད་ཀྱི་ལུས་རྩལ་ཁྱབ་ཁོངས་རྒྱ་ཆེར་ཕྱིན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ཁང་ཕྱིའི་ལུས་རྩལ་ཚོགས་ཆེན་སྐབས་གསུམ་པའི་ནང་དོན་གལ་ཆེན་ཡིན་པའི་གནམ་ལྕགས་འབར་བའི་ལམ་ཕྱེད་རི་ཁུལ་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཚེས་30ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་མཇུག་འགྲིལ་བ་དང་འགྲན་བསྡུར་དེ་ལྟ་བུ་ལོ་ལྟར་ཐེངས་རེ་བྱ་རྒྱུ་ཡིན་པ་རེད། དེ་ནི་བོད་ཀྱི་བདམས་ཐོན་པ་སྟོབས་རྒྱལ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྗེས། བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ཁྲོད་ཐོན་པའི་དོན་ཆེན་གཞན་ཞིག་ཡིན་པ་ལས། བོད་ཀྱིས་རྒྱང་རྒྱུག་ལུས་རྩལ་ཁྱབ་ཁོངས་སུ་བྱས་རྗེས་འཇོག་རྒྱུའི་བརྩོན་ལེན་བྱེད་པ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ནི་2011ལོར་ལྷ་ས་གྲོང་ཁྱེར་གྱིས་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཐེངས་དང་པོ་གཉེར་ནས་ལོ་5སོང་རྗེས། ཉིང་ཁྲིར་སླར་ཡང་འཚོགས་པའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཞིག་ཡིན་པ་དེའི་ལམ་ཚད་ཧྲིལ་པོའི་ས་བབ་སྨི་3000ཡས་མས་ཡིན་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པའི་ཡར་ཀླུང་གཙང་པོའི་རོང་ཆེན་དུ་སྤེལ་བ་དང་། འགྲན་དོན་ནང་ཡུལ་སྐོར་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པའི་དམིགས་ཡུལ་ཡོད་ལ། བོད་ཀྱི་བདམས་ཐོན་པར“སྒོ་རྩར”སྦྱོང་བརྡར་བྱེད་པའི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ་ནས་ཡིན་པའི་བསོད་ནམས་ཚེ་རིང་དང་བསྟན་སྐྱིད་གཉིས་ཀྱིས་ཆུ་ཚོད་1དང་སྐར་མ་15སྐར་ཆ་51དང་། ཆུ་ཚོད་1དང་སྐར་མ་40སྐར་ཆ་44ཡི་གྲུབ་འབྲས་ཐོག་ནས་སྐྱེས་པ་དང་བུད་མེད་ཀྱི་ཨང་དང་པོ་སོ་སོར་བླངས་པས། གཙོ་གཉེར་ཕྱོགས་ཀྱི་རེ་བ་ཆུད་ཟོས་སུ་བཏང་མེད། ཆུ་ཚད་མཐོ་བའི་ལས་རིགས་མ་ལ་སུང་གི་བདམས་དོན་པ་འགྲན་བསྡུར་ལ་ཞུགས་ཡོད་པ་དང་དེ་བཞིན་ས་བབ་མཐོ་བའི་རྐྱེན་གྱིས་ལུས་སྟོབས་དང་མྱུར་ཚད་ལ་ཚོད་འཛིན་ཕོག་པར་བསམ་བློ་བཏང་བས། གྲུབ་འབྲས་དེ་འདྲ་ཐོབ་པ་དགའ་འོས་པ་ཞིག་རེད། དེས་མ་ཚད་ཁོ་གཉིས་ད་ལྟ་ལོ་བཅོ་ལྔ་བཅུ་དྲུག་ཡིན་པས་དེས་ཀྱང་སྟོབས་རྒྱལ་གྱི་རྗེས་སུ་བོད་དུ་འབྲིང་རྒྱུག་དང་རྒྱང་རྒྱུག་ལ་བདམས་ཐོན་པ་ལེགས་གྲས་ཁག་གཅིག་ད་དུང་ཐོན་སྲིད་པ་མཚོན་ཐུབ།
         བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གི་རྩལ་ཁྲིད་པ་སྐལ་བཟང་ཚེ་རིང་གིས། བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་རུ་ཁག་བཙུགས་ནས་ལོ་4ཙམ་ལས་སོང་མེད་ཀྱང་། ད་བར་ཨང་དང་པོ་ཐེངས་22ལེན་མྱོང་ཡོད་ཅེས་བཤད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རྣམ་གྲངས་ལ་སྟོབས་རྒྱལ་དང་ཟླ་བ་སྐྱིད་ལྷ་སོགས་ཕུལ་བྱུང་ལུས་རྩལ་པ་མང་པོ་ཐོན་པ་མ་ཟད། ལོ་ན་མི་འདྲ་བའི་ལུས་རྩལ་པ་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད།
         གཟུགས་པོའི་ཆ་རྐྱེན་ནས་བལྟས་ན། དམིགས་བསལ་ཁྱད་ཆོས་ལྡན་པའི་ས་མཐོའི་ཁོར་ཡུག་ལས། གནས་འདིའི་མི་རྣམས་ཀྱི་སྙིང་དང་གློ་བའི་ནུས་པར་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་པ་དང་དབྱང་རླུང་འདུས་ཚད་དམའ་སར་བཟོད་བསྲན་ཐེག་ཤུགས་ཆེ་བ་དང་ཤེད་ཤུགས་ཀྱང་མངོན་གསལ་ཧ་ཅང་དོད་པོ་ཡོད། མ་ཟད་བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་མི་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡོང་བ་ཤ་སྟག་ཡིན་པས། དཀའ་བ་སྤྱད་ཐུབ་པ་དང་སྡུག་རུས་འཁྱོག་ཐུབ་པས་རྣམ་ཀུན་གྱི་སྦྱོང་བརྡར་དང་གྲུབ་འབྲས་ཡག་ཏུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
         གཞན་ཡང་། རྒྱལ་ཁབ་དང་ས་གནས་དེ་གའི་ལུས་རྩལ་སྡེ་ཚན་གྱིས་འབྲིང་རྒྱུག་དང་རྒྱང་རྒྱུག་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ནི་བོད་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རེད། ལོ་5ཡི་གོང་རང་རྒྱལ་གྱི་མཆོང་རྒྱུག་འཕེན་གསུམ་ཁྱབ་ཁོངས་སུ“ས་མཐོའི་སྙུགས་ཤེད་གསར་སྤེལ་འཆར་གཞི”ལག་བསྟར་བྱས་པས། བོད་ཀྱི་ལུས་རྩལ་པར་དེའི་ཁྲོད་ནས་ཕན་འབྲས་ཆེན་པོ་ཐོབ་ཡོད། སྟོབས་རྒྱལ་ལ་སོགས་ལུས་རྩལ་པ་ཁག་གཅིག་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་བསྐྱོད་པ་དང་འབྲེལ། རྒྱལ་སྤྱི་དང་གླིང་མི་འདྲ་བ་སོགས་ཀྱི་འགྲན་བསྡུར་ཆེ་གྲས་ལ་སྔོན་ལ་ཞུགས་པས་ཕན་པ་མི་ཉུང་ཞིག་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།