འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་རྒྱུའི་འདུན་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་10ཚེས་7ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འགན་འཁུར་བས་ཁ་ན་ཏའི་ཉི་ཡ་ཅ་ལ་གྲོང་ཁྱེར་དུ་འཚོགས་པའི་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་2016ལོའི་ཚོགས་ཆེན་ཐོག ཀྲུང་གོས་2021ལོའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་46གཉེར་རྒྱུའི་འདོད་འདུན་ཞུས་པ་དང་སྦྲགས། ཧྲང་ཧའེ་གྲོང་ཁྱེར་གྱིས་ཐེངས་འདིའི་འགྲན་བསྡུར་གཉེར་རྒྱུའི་རེ་འདུན་ཞུས་པ་རེད།
         འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་ནི་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཉེར་བ་དང་མིག་སྔར་སྐབས་43བདེ་བླག་ངང་གཉེར་ཟིན་ཞིང་། དེ་ནི་རིམ་པ་མཐོ་ཤོས་ཀྱི་འཛམ་གླིང་རང་བཞིན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཞིག་ཡིན་ལ། དེར“འཛམ་གླིང་རྩལ་ནུས་ཨོ་ལིམ་ཕིག”ཅེས་བརྗོད་པ་དང་ལས་རིགས་རྩལ་ནུས་གོང་འཕེལ་འགྲོ་བའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་མཚོན་གྱི་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་2010ལོའི་ཟླ་10པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་འཛམ་གླིང་རྩལ་ནུས་རྩ་འཛུགས་ནང་ཞུགས་པ་དང་། ད་བར་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་ནང་ཞུགས་མྱོང་ཞིང་། 2015ལོར་པར་ཙིར་གྱི་ཧྲེན་པའོ་ལུའོ་རུ་གཉེར་བའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་43ཐོག་རྣམ་གྲངས་ལྔ་ལ་གསེར་གྱི་རྟགས་མ་དང་། རྣམ་གྲངས་དྲུག་ལ་དངུལ་གྱི་རྟགས་མ། རྣམ་གྲངས་བཞི་ལ་ཟངས་ཀྱི་རྟགས་མ། རྣམ་གྲངས་བཅུ་གཅིག་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ནས། གསེར་གྱི་རྟགས་མ་ཐོབ་མྱོང་མེད་པ་ལས་ཚད་བརྒལ་བྱུང་སྟེ་ཀྲུང་གོ་འདི་ཉིད་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་དེ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཀྲུང་གོའི་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས། ཀྲུང་གོ་འདི་ཉིད་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སོགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དེས་ལས་རིགས་རྩལ་ནུས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་དབར་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱས་ནས། ཀྲུང་གོའི་ལས་རིགས་སློབ་གསོའི་གསོ་སྦྱོང་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཡག་ཐོག་ཡག་བརྩེགས་ཀྱི་ལག་ཤེས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ངལ་རྩོལ་ལ་བརྩི་བཀུར་དང་རྩལ་ནུས་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུར་ཕན་ཐོགས་ཡོད་པ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོའི་ལས་རིགས་གསོ་སྦྱོང་དང་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་ལས་ཀའི་རྨང་གཞི་ལེགས་ཙམ་བཏིང་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལོ་ལྟར་རིམ་པ་ཁག་དང་རིགས་ཁག་གི་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས་འགྲན་བསྡུར་གཉེར་བའི་ཉམས་མྱོང་ངེས་ཅན་བསགས་ཏེ། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་གཉེར་རྒྱུའི་འདུན་ཞུ་འབུལ་བའི་ཆ་རྐྱེན་དང་ནུས་པ་ཚང་མ་འཛོམས་ཤིང་། ཧྲང་ཧའེ་གྲོང་ཁྱེར་འདི་ཉིད་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་མདུན་ཕྱོགས་སུ་གནས་པ་དང་རྒྱལ་སྤྱི་ཅན་དུ་འགྱུར་ཚད་མགྱོགས་པ་དང་ད་ཆ་འགྲེམས་ཚོགས་ལྟེ་གནས་ཆེ་གྲས་དང་ཁང་ཁག་གི་སྒྲིག་བཀོད་སྔོན་ཐོན་ཡིན་ཁར། རྒྱལ་སྤྱིའི་བྱེད་སྒོ་ཆེ་གྲས་སྒྲིག་འཛུགས་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། ཁོར་ཡུག འཕྲོད་བསྟེན། བདེ་འཇགས། སྣེ་ལེན་སོགས་འགན་སྲུང་ཆ་རྐྱེན་ཡག་པོ་ཡོད་པ་དེ་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་རེ་བ་དང་ཡོངས་སུ་མཐུན་ནས། ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་ཆུ་ཚད་མངོན་པའི་སྤུས་ཚད་མཐོ་བའི་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཤིག་གཉེར་བའི་ནུས་པ་ལྡན་ཡོད། ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་དོན་དེའི་ཐད་མཐོང་ཧ་ཅང་ཆེན་པོ་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགྲན་བསྡུར་ཆེན་པོ་གང་ཡག་གཉེར་འདོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།