འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གྲོང་གསེབ་ཏུ་སྣོད་བཅུད་ཡུལ་སྐོར་གྱི་རྣམ་པ་གསར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “གྲོང་གསེབ་ཏུ་ངས་སྲོལ་རྒྱུན་གྱི་བོད་ལྗོངས་ཤིག་ཉམས་ལེན་ཐུབ་པ་མ་ཟད། ད་དུང་སྤུས་ལེགས་ཀྱི་ཞབས་ཞུ་དང་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་ཀྱང་མྱོང་རོལ་ཐུབ་བྱུང་། ཚོར་སྣང་མི་འདྲ་བ་འདི་ལྟ་བུའི་བོད་ལ་ང་ཧ་ཅང་དགའ་པོ་འདུག”ཅེས་ཧྲེན་ཀྲེན་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཕིང་གིས་བཤད། རྒྱལ་སྟོན་གུང་གསེང་རིང་ཁོང་གིས་བོད་ཀྱི་གྲོང་གསེབ་ཏུ་བསྐྱོད་ནས་བོད་ཁྱིམ་གྱི་འཚོ་བ་ཉམས་ལེན་བྱས་པ་དང་། བག་ཕེབས་དང་། འཐུས་ཚང་། སྣ་མང་བཅས་ཀྱི་གྲོང་གསེབ་ལས་བོད་ཀྱི་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཁོང་གི་མིག་ལམ་དུ་བསྟན་ཡོད།
           སྔོ་ཞིང་དྭངས་བའི་ནམ་མཁའི་འོག ཤང་ཤང་གི་ཆུ་མོའི་འགྲམ་དུ་གུར་ཚོགས་ཕུབ་པ་དང་། སྙན་འཇེབས་ལྡན་པའི་གླུ་སྒྲ་གཞུང་ལམ་ཐོག་ཡང་སེ་གྲགས་འོང་། ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་ཉི་མ་ཐང་དགོན་དུའང་དད་ལྡན་མང་ཚོགས་བར་མཚམས་མི་ཆད། ཉི་མ་ཐང་དགོན་གནས་ཡུལ་ཏེ། ལྷ་ས་གྲོང་ཁུལ་ནས་སྤྱི་ལེ་13ཙམ་གྱི་སར་ཡོད་པའི་སྟག་གདོང་གྲོང་ཚོར་རིམ་བཞིན་དར་རྒྱས་བྱུང་བའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་ལས་ཝང་ཕིང་དང་དེ་བཞིན་ཁོང་དང་འདྲ་བའི་ཡུལ་སྐོར་བ་གྲངས་ལས་འདས་པས་གྲོང་གསེབ་ཀྱི་ཉམས་འགྱུར་ལྡན་པའི་བོད་ལྗོངས་ཤིག་མྱོང་རོལ་ཐུབ་ཡོད་པ་རེད།
            གྲོང་གསེབ་ཀྱི་སྔར་ཡོད་སྣོད་བཅུད་ཁོར་ཡུག་དང་རྣམ་པར་སྲུང་སྐྱོབ་བྱ་ཆེད། བོད་ལྗོངས་གྲོང་གསེབ་ཡུལ་སྐོར་གྱིས་ཁྱིམ་ཚང་ཚན་པར་བྱས་ཏེ་ཞིང་པའི་(འབྲོག་པ)སྤྲོ་སྐྱིད་ཁང་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་ཁྲིད་གང་ལེགས་བྱས་པ་དང་དུས་མཚུངས་ལས་ཞུགས་དང་འབབ་འཕར་ལའང་སྐུལ་འདེད་ནུས་ལྡན་ཐེབས་ཡོད། སྟག་གདོང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེས་སྟག་གདོང་གྲོང་ཚོར་ཞིང་འབྲོག་པ་དུད་ཚང་281ཡོད་པ་དང་། དེ་སྔ་ཞིང་འབྲོག་ལས་གཙོ་བོར་བྱེད་ཀྱི་ཡོད། སྟག་གདོང་གྲོང་ཚོའི་དབུལ་སྐྱོར་ཕྱོགས་བསྡུས་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་བ་དེས་གྲོང་ཚོའི་དུད་ཚང་དབུལ་པོ་51ཚང་མ་དབུལ་སྒྲོལ་ཐུབ་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
            སྲོལ་རྒྱུན་གྱི་གནའ་བོའི་བསྐྲུན་དངོས་དང་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་མི་འདྲ་བར། སྟག་གདོང་གྲོང་ཚོས་ཡུལ་སྲོལ་ཉམས་འགྱུར་ལ་བརྟེན་པའི་ཁར་འཆར་འགོད་དཔེ་གསར་བྱས་པས་རང་བྱུང་མཛེས་ལྗོངས་དང་། སྲོལ་རྒྱུན་དམངས་སྲོལ། ཕྱོགས་ཐོན། ནམ་གུང་སྐར་ཚོགས། གཉེན་སྒྲིག་པར་རྒྱག་སོགས་དེང་རབས་ཀྱི་རྣམ་གྲངས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད་པ་རེད།
             བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་ཆོས་གྲགས་ཀྱིས་ངོ་སྤྲོད་བྱས་པར། ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་རིགས་གཅིག་མཁས་ཅན་དང་འབྲེལ་ཡོད་ལས་རིགས་མི་སྣ་གདན་དྲངས་ནས་བདེ་འཇགས་ཐོན་སྐྱེད་དང་། ཡུལ་སྐོར་བཅའ་ཁྲིམས། ཡུལ་སྐོར་བསྡོམས་རྩིས། དམངས་སྲོལ་སོགས་ཐད་ནས་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཞབས་ཞུའི་རྩལ་ནུས་མཐོ་རུ་བཏང་བས་མི་འབོར་དབུལ་པོ་ཡུལ་སྐོར་ནང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
              མིག་སྔར། བོད་ཀྱི་གྲོང་གསེབ་ཡུལ་སྐོར་ཐད་ཐོན་རྫས་སྣ་ཁ་བལྟོས་བཅས་ཀྱིས་ཕུན་སུམ་ཚོགས་པ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ནུས་པ་ཆ་ལག་ཚང་བ། ཞབས་ཞུའི་ཚད་གཞི་རིམ་བཞིན་འཐུས་ཚང་བཅས་ཀྱི་རྣམ་པ་གསར་པ་རིམ་བཞིན་མངོན་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།