འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་སྤྱོད་ལ་བསྔགས་བརྗོད་
    ཆེན་པོ་བྱེད་དོན་གང་ཡིན་ནམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ“རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཡུལ་ཏེ་ཐུན་མོང་ཐོག་ང་ཚོའི་འཛམ་གླིང་སྒྱུར་བཀོད་ཧུར་ཐག་བྱེད་པའི་ཀྲུང་གོའི་འདོད་ཚུལ་”གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐང་མུའུ་སེན་དང་དེ་བཞིན་འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་སོགས་སྒྲིག་གཞིའི་འགན་འཁུར་བས་ཀྲུང་གོས་རང་ངོས་དང་དེ་བཞིན་འཛམ་གླིང་ཐོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཐད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཉེ་དུས་ཀྲུང་གོས་2030ལོར་སླེབས་སྐབས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་པའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད་ལུགས་བརྗོད་ཡོད།
         དབུལ་པོ་མེད་པ་བཟོ་བའི་སྔོན་སྐྱོད་པ།
         ལོ་གཅིག་གོང་གི་ཟླ་9པར་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུ་ཚོགས་ཐོག་གྲོས་འཆམ་བྱུང་བ་དང་གྲོས་རིམ་དེའི་ནང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ཚུད་པ་དེ་དབུལ་པོ་མེད་པ་བཟོ་བ་དང་བཀྲེས་ལྟོགས་དང་། བདེ་ཐང་། སློབ་གསོ། ཕོ་མོ་འདྲ་མཉམ། ཆུ་དང་ཁོར་ཡུག་འཕྲོད་བསྟེན། ནུས་རྒྱུ་དང་གནམ་གཤིས་འགྱུར་ལྡོག་སོགས་ཐད་དང་འབྲེལ་བ་ཡོད་པས་2030ལོའི་གོང་གི་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ཐད་དབང་གྲགས་ལྡན་པའི་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད།
         རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱིས་དབུལ་པོ་ཉུང་དུ་གཏོང་རྒྱུ་དེ་ལྟེ་བའི་གྲོས་གཞིར་བྱས་ཏེ་དེས་བཏོན་པའི་དམིགས་ཚད་དང་པོ་ནི་འཛམ་གླིང་ཡོངས་སུ་རྣམ་པ་འདྲ་མིན་གྱི་དབུལ་པོ་སྣ་ཚོགས་མེད་པ་བཟོ་རྒྱུ་དེ་ཡིན་པ་དང་ཞིབ་ཕྲ་བརྗོད་ཚེ་2030ལོའི་གོང་འཚོ་བ་ཧ་ཅང་སྐྱོ་པོ་ཡིན་པའི་(མི་རེའི་ཉིན་རེའི་འཚོ་བའི་འགྲོ་གྲོན་ཨ་སྒོར་1.25མན་ཆད་)ཀྱི་མི་འབོར་དབུལ་པོ་མེད་པ་བཟོ་རྒྱུ་དེ་ཡིན་པ་རེད།
         འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོར་དབུལ་པོ་ཉུང་དུ་གཏོང་བའི་ཐད་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད། འབྱུང་འགྱུར་ཀྲུང་གོས་དེའི་ཐད་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད། ཀྲུང་གོའི“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནང་2020ལོར་སླེབས་སྐབས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་པོའི་ཞྭ་མོ་འབུད་ཐུབ་པ་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའི་སྤྱི་ཚོགས་སྲིད་ཇུས་དང་འཕེལ་རྒྱས་སིའི་དཔོན་རིགས་དབྱང་ཝུན་ཡན་གྱིས་དབུལ་པོ་ཉུང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་མཉམ་འདྲེས་གནད་དོན་ལ་དུས་ཡུན་རིང་པོ་ཞིབ་འཇུག་བྱས་ཤིང་། ཁོང་གིས་ཀྲུང་གོས་བཟོས་པའི་དབུལ་པོ་ཉུང་དུ་གཏོང་བའི་དམིགས་ཚད་ནི་རྒྱལ་ཁབ་རིམ་ངོས་སུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཞིབ་ཕྲའི་ངང་དོན་འཁྱོལ་བྱེད་པའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ཆོད་སེམས་དེས་གྲོས་རིམ་ནང་དགོས་པའི་དུས་བཀག་ལས་ལོ་10ཡི་སྔོན་དུ་དབུལ་པོ་ཚབས་ཆེན་རིགས་སེལ་བའི་དམིགས་ཚད་མངོན་འགྱུར་བྱས་ཡོད། “དེ་ནི་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པའི་བྱ་བ་ཞིག་”ཡིན་པའི་ངོས་འཛིན་བྱས།
         དབྱང་ཝུན་ཡན་གྱིས་ཀྲུང་གོར་འདས་ཟིན་པའི་ལོ་30ཡི་ནང་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་དབུལ་པོ་ཉུང་དུ་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ནི་ཀུན་གྱིས་མཐོང་གསལ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ཀྲུང་གོས་ཁས་ལེན་དེ་ལྟ་བུ་བྱས་པར་མི་རྣམས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལུགས་བརྗོད།
         ལྗང་མདོག་འཕེལ་རྒྱས་ཀྱི་སྲོལ་གཏོད་པ།
         2030ལོར་སླེབས་སྐབས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་གྲོས་མོལ་བྱས་ནས་བཟོས་པ་ཞིག་ཡིན་པ་དང་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་ལ་རེ་བ་དེ་བས་ཆེ་བ་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། ཁོར་ཡུག་སྲུང་སྐྱོང་བཅས་ཕྱོགས་གསུམ་གཞི་གཅིག་ཡོང་རྒྱུའི་རེ་བ་བཏོན་ཡོད།
         ན་པ་ལུའོ་ཡིས་གྲོས་རིམ་དེའི་ནང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ཚུད་པ་མ་ཟད། དེ་དག་ཁེར་རྐྱང་མིན་པར་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་ཡིན་པ་དཔེར་ན་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་འདྲ་མཉམ་དང་བགོ་བཤའ་དྲང་གཞག་ལ་སྐུལ་མ་གཏོང་དགོས་པ་དང་དེ་ལས་ལྡོག་ཚེ་དབུལ་པོ་ཉུང་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་དཀའ་བ་དང་གལ་སྲིད་དུས་ཐོག་དང་ནུས་ལྡན་ངང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་མ་ཐུབ་ཚེ་ཆུའི་ཐོན་ཁུངས་དཀོན་དུ་འགྲོ་བ་སོགས་ཁོར་ཡུག་གི་གནད་དོན་ཐོན་སྲིད་དེ་ཞིང་ལས་ཁོངས་གཏོགས་དང་དེ་བཞིན་མིའི་རིགས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ལ་ཤུགས་རྐྱེན་ཐེབས་སྲིད་ལུགས་བཏོན་ཡོད།
         ན་པ་ལུའོ་ཡིས་ཀྲུང་གོ་སྲིད་གཞུང་དང་མཉམ་ལས་བྱས་པ་བརྒྱུད་ཀྲུང་གོས་ཁོར་ཡུག་སྲུང་སྐྱོང་ཐད་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། ཀྲུང་གོའི“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་ཐཱན་ཉུང་གི་བྱེད་ཐབས་ཐོག་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ལུགས་བཏོན་པ་རང་ཉིད་ལ་བག་ཆགས་ཟབ་མོ་བྱུང་ཞེས་བརྗོད།
         ན་པ་ལུའོ་ཡིས་ཀྲུང་གོ་སྲིད་གཞུང་གིས་ཀྱང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་ཡོད། ཁོང་དེ་སྔ་བོད་ཀྱི་ཉིང་ཁྲིར་ཀྲུང་གོའི་དཔོན་རིགས་དང་མཉམ་དུ་ས་གནས་དེ་གའི་སྲིད་གཞུང་གིས་ཇི་ལྟར་བྱས་ནས་དུས་ཡུན་རིང་པོ་བལྟོས་བཅས་ཀྱིས་དབུལ་པོ་ཡིན་པའི་མི་འབོར་དབུལ་སྒྲོལ་བྱེད་རོགས་བྱེད་པའི་ཐད་ཞིབ་དཔྱད་བྱེད་པར་སྐྱོད་མྱོང་ཡོད། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་སྤྱི་ཚོགས་འདྲ་མཉམ་ལ་སྣང་ཆེན་བྱེད་པའི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད། “མི་གཅིག་ཀྱང་མི་ལུས་པ་བྱེད་པའི་”རྩ་དོན་དེའང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱིས་དར་སྤེལ་གཏོང་བ་ཞིག་ཡིན་ཞེས་ནན་བཤད་བྱས།
         རྒྱལ་སྤྱིའི་མཉམ་ལས་ཀྱི་སྐུལ་འདེད་པ།
         རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དེ་ཆེད་མངགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་དར་སྤེལ་གཏོང་བའི་ཐད་དམིགས་ཚད་བཟོས་པ་ཞིག་ཡིན་པས་སྲིད་གཞུང་དང་། སྒེར་གཉེར་སྡེ་ཚན། དམངས་ཁྲོད་རྩ་འཛུགས་བཅས་ཚང་མ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ཞུགས་པ་མ་ཟད། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་ཁྱབ་ཁོངས་ནང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་ཡོད།
         ན་པ་ལུའོ་ཡིས་ཀྲུང་གོ་དང་ཨ་རིས་ཟླ་9པའི་ཟླ་འགོར་རང་སོ་སོའི་རྒྱལ་ཁབ་ཏུ་《ཕ་རི་སིའི་གྲོས་ཆོད་》ལ་ཆོག་མཆན་སྤྲད་པའི་བཅའ་ཁྲིམས་གོ་རིམ་ལེགས་གྲུབ་ཟིན་པ་དེ་ནི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ཀྱི“ལམ་ཚད་རྡོ་རིང་དངོས་འབྲེལ་ཞིག”ཡིན་ལ་གོ་ལ་ཧྲིལ་པོའི་གྲོས་གཞི་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་ཀྱི་རྒྱལ་ཁབ་ཆེ་མོའི་དབར་གྱི་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་ཡང་ཡིན་པ་མཚོན་ཡོད་ཅེས་བརྗོད།
         ཐང་མུའུ་སེན་གྱིས་རྒྱལ་ཁབ་20ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་ལྗང་མདོག་མ་རྩ་བསྡུ་སྒྲིལ་འཕེལ་རྒྱས་དང་བསྟུན་མཁས་རང་བཞིན་གྱི་དཔལ་འབྱོར་བཏོད་པ་སོགས་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཅེས་བརྗོད་ཅིང་། ཡང་ཁོང་གིས་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྗང་མདོག་མ་རྩ་བསྡུ་སྒྲིལ་ཐད་སྣེ་འཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་པའི་ངོས་འཛིན་ཡང་བྱས་ཡོད། ཁོང་གིས་འབད་བརྩོན་དེ་ལྟ་བུ་རྒྱུན་མཐུད་བྱས་ནས་གོ་ལ་ཧྲིལ་པོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་མ་གཏོང་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།