འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་ཟླ་9ཚེས་20ཉིན་ནས་བཟུང་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག གྲོང་ཁྱེར་
    ཁག་བཅས་ཀྱི་ཡུལ་མིས་ཡུལ་གཞན་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་
    སྒྲུབ་པ་ཕྱོགས་ཡོངས་ནས་བདག་སྤྲོད་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་ནས་བཟུང་པེ་ཅིང་གི་ཉེན་རྟོག་ཕྱོགས་ཀྱིས་ཧོ་ནན་དང་། ཧྲན་ཏུང་། ཧེ་ལུང་ཅང་སོགས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་16གི་ཐེམ་ཐོ་ཡིན་པའི་མང་ཚོགས་ཀྱིས་པེ་ཅིང་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་སྒྲུབ་པ་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། ལག་ཁྱེར་ཐོག་ཏུ་གྲངས་ཉུང་མི་རིགས་ཀྱི་ཡི་གེ་བཀོད་ཡོད་པ་རྣམས་གནས་སྐབས་སུ་ད་དུང་ཡུལ་གཞན་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་སྒྲུབ་པ་བདག་སྤྲོད་བྱེད་ཐུབ་ཀྱི་མ་རེད།
         པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་འབོར་དོ་དམ་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་པས་ཐེངས་འདིར་སྒྲུབ་འགོ་བརྩམས་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་ཡུལ་གཞན་དུ་བདག་སྤྲོད་བྱེད་པའི་ཁོངས་སུ་ཧོ་ནན་དང་། ཧྲན་ཏུང་། ཧེ་ལུང་ཅང་། ཨན་ཧུའེ། ཧྲན་ཞི། སི་ཁྲོན། ལིའོ་ཉིང་། ཅི་ལིན། ཀན་སུའུ། ཧུའུ་ནན། ཀྲེ་ཅང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། ཉིང་ཞ། མཚོ་སྔོན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་16འདུས་ཡོད་པ་རེད། འདིའི་སྔོན་དུ་པེ་ཅིང་གི་ཉེན་རྟོག་ཕྱོགས་ཀྱིས་ཐེན་ཅིན་དང་ཧོ་པེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ཡི་ཐེམ་ཐོ་ཡིན་པའི་མི་སྣས་པེ་ཅིང་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་སྒྲུབ་པ་ཡུལ་གཞན་དུ་བདག་སྤྲོད་ལས་དོན་སྒྲུབ་འགོ་བརྩམས་ཡོད་ཅེས་བརྗོད་པ་རེད།
         མཚམས་སྦྱོར་བྱས་པ་ལྟར་ན། པེ་ཅིང་དུ་ཡུན་རིང་གནས་སྡོད་དང་། ལས་སྒྲུབ། སློབ་སྦྱོང་བཅས་བྱེད་མཁན་གོང་དུ་བཤད་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་དེ་དག་གི་ཐེམ་ཐོ་ཡིན་པའི་མི་སྣས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཡུན་ཐིམ་པ་དང་། ལག་ཁྱེར་ལ་གཏོར་སྐྱོན་ཐེབས་པ། ལག་ཁྱེར་བོར་བ་བཅས་བྱུང་སྟེ་བརྗེ་ལེན་དང་གསབ་ལེན་བྱ་དགོས་པའི་རེ་འདུན་ཞུ་མཁན་གྱིས་ཐག་ཉེ་སའི་པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་ཉེ་འདབས་ཁུལ་ཁྱབ་ཁོངས་ནང་གི་ཐེམ་ཐོའི་མངགས་གཏོང་ཁང་ལ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་བསྒྲུབ་རྒྱུའི་རེ་འདུན་ཞུས་ཆོག་པ་རེད། པེ་ཅིང་གི་ཐག་རིང་ཉེ་འདབས་ས་ཁུལ་ཧོའེ་རོའུ་དང་། ཕིང་ཀུའུ། སྨི་ཡུན། ཡན་ཆིང་བཅས་ཡན་ལག་ཅུས་ཀྱིས་རང་ཉིད་གནས་ཡུལ་གྲོང་ཁུལ་གྱི་མངགས་གཏོང་ཁང་ངམ་ཐེམ་ཐོ་སྒྲུབ་སའི་ཚོམས་ཆེན་དུ་སོང་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་བསྒྲུབ་རྒྱུའི་རེ་འདུན་ཞུས་ཆོག་པ་རེད། 
         ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་སྒྲུབ་པ་ཡུལ་གཞན་དུ་བདག་སྤྲོད་བྱ་རྒྱུར་ངེས་པར་དུ་རེ་འདུན་ཞུ་མཁན་རང་ཉིད་བདག་སྤྲོད་བྱེད་པའི་སྒེའུ་ཁུང་དུ་སོང་ནས་བསྒྲུབ་དགོས་ཤིང་། པེ་ཅིང་གྲོང་ཁྱེར་གྱིས་སྤྲད་པའི་མི་སྒེར་གྱི་གོ་ཆོད་པའི་དུས་ཡུན་ནང་གི་གནས་སྐབས་གནས་སྡོད་ལག་ཁྱེར་རམ་ལས་གཉེར་གནས་སྡོད་ལག་ཁྱེར་འདོན་སྤྲོད་བྱ་དགོས་པ་དང་། ལག་ཁྱེར་བརྗེ་ལེན་བྱེད་མཁན་གྱིས་ད་དུང་དེ་སྔའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡང་འདོན་སྤྲོད་བྱ་དགོས་པ་རེད།
    ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བརྗེ་ལེན་དང་གསབ་ལེན་བྱ་རྒྱུའི་རེ་འདུན་ཞུས་པར་སྤྱི་དམངས་ཀྱིས་《ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་ཡུལ་གཞན་དུ་བདག་སྤྲོད་ཐོ་འགོད་རེའུ་མིག་》ཕུལ་བའི་ཉིན་ནས་བརྩིས་པའི་ཉིན་60ནང་ཚུན་དུ་སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་དགོས།
         ཤེས་རྟོགས་བྱུང་བ་ལྟར་ན། པེ་ཅིང་གི་ཉེན་རྟོག་ཕྱོགས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་ལས་སྒོ་ཡུལ་གཞན་དུ་བདག་སྤྲོད་བྱེད་འགོ་ཚུགས་པ་ནས་བཟུང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་མང་ཚོགས་ཀྱིས་པེ་ཅིང་དུ་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཁྱོན་བསྡོམས་2536བདག་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།