འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བཏང་བའི་སྤྱོད་ངན་དང་རུལ་སུངས་ཀྱི་
    གནད་དོན་བཞི་བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་སྤྱོད་ངན་དང་རུལ་རུངས་ཀྱི་གནད་དོན་བཞི་བརྡ་ཁྱབ་བཏང་བ་རེད།
         ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་ཡུན་ཅཱ་ཁོའུ་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་གཞོན་པ་ཧྲེང་ཝུན་ཆིས་ཡུན་ཅཱ་ཁོའུ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པའི་འགན་ཁུར་ནས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་དོ་དམ་བྱེད་སྐབས། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་སྲིད་གཞུང་གིས་བཀག་སྡོམ་བཀའ་རྒྱ་ཁ་གསལ་བསྒྲགས་པའི་ཁྲིམས་འགལ་བཟོ་བཀོད་རང་དགར་སྐྲུན་དུ་བཅུག་པ་མ་ཟད། མཚོ་སྔོན་གློག་རྫས་བཟོ་གྲྭའི་སྒྲིག་འགལ་བཟོ་བཀོད་བསྐྱར་སྐྲུན་ལས་དོན་ཁྲོད་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་ནས་རྔན་པ་སྒོར་ཁྲི་11.5བླངས་རྐྱེན། ཧྲེང་ཝུན་ཆིར་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པ་དང་སྦྲགས་ཁྲིམས་དང་འགལ་བའི་གནད་དོན་ཚང་མ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་རེད།
         ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་དེ་སྔའི་མི་དམངས་ཉེན་རྟོག་པ་དབྱང་ཡིའུ་ཀྲུང་གིས་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་སྐབས་མི་བདེན་བདེན་བཟོ་བྱས་ཏེ། ཁ་ལོ་བས་ཆང་བཏུངས་ནས་འཁོར་རིགས་བཏང་བའི་བྱས་ཉེས་སྦ་གསང་བྱས་པས། ལས་འཛོལ་བཟོ་མཁན་གྱི་ས་ནས་ཁག་ཐེག་དངུལ་གཡོ་ལེན་བྱས་ཏེ་སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་རྐྱེན། དབྱང་ཡིའུ་ཀྲུང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པ་དང་སྦྲགས་ཁྲིམས་འཛིན་སྡེ་ཚན་གྱིས་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་2བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
         མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་མཱ་ཀྲན་ཝུའུ་ཡིས་མོན་ཡོན་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་གི་འགན་འཁུར་སྐབས། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རང་གི་གཅེན་པོར་ལས་གྲྭ་འགན་གཙང་ལེན་དུ་བཅུག་ནས་ཁེ་ཕན་གཉེར་རྐྱེན། མཱ་ཀྲན་ཝུའུ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་དང་སྲིད་འཛིན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་རེད།
         མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚིགས་ཀྱི་དེ་སྔའི་ཀྲན་ཀྲང་ཁྲེན་ཧུང་ཡོན་གྱིས་ཀྲན་ཀྲང་གི་འགན་འཁུར་སྐབས། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་ནས་ལྐོག་རྔན་སྒོར་ཁྲི་1བླངས་རྐྱེན། ཁྲེན་ཧུང་ཡོན་ལ་ཏང་ནང་བཞག་ནས་ལོ་1ལ་ལྟ་ཞིབ་བྱེད་རྒྱུའི་ཆད་པ་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།