འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།《ཀྲུང་གོའི་སློབ་མ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་བྱང་ཚད་》ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 《ཀྲུང་གོའི་སློབ་མ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་བྱང་ཚད་》ཀྱི་ཞིབ་འཇུག་འབྲས་བུ་ཚེས་13ཉིན་པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། སྲོག་ཤིང་བྱང་ཚད་དུ“ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་མི”གསོ་སྐྱོང་བྱ་རྒྱུ་ལྟེ་བར་བྱས་ནས། རིག་གནས་རྨང་གཞི་དང་། རང་རྟོགས་འཕེལ་རྒྱས། སྤྱི་ཚོགས་ཞུགས་པ་བཅས་ཕྱོགས་གསུམ་ལ་ཕྱེ་བ་དང་། ཕྱོགས་བསྡུས་མཚོན་ཚུལ་ནི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་དང་། ཚན་རིག་དང་མཐུན་པའི་དགོངས་དོན། སློབ་སྦྱོང་བྱེད་ཤེས་པ། སྐྱོན་བྲལ་འཚོ་བ། འགན་འཁྲི་འཁུར་བ། ལག་ལེན་གསར་གཏོད་བཅས་བྱང་ཚད་ཆེ་ཁག་དྲུག་ཡིན་པ་དང་དེ་དག་རྒྱལ་ཁབ་ཀྱིས་ཁས་ལེན་བྱེད་པ་སོགས་ཀྱི་གཞི་རྩའི་གཙོ་གནད་ཁག་བཅོ་བརྒྱད་ལ་ཞིབ་པར་ཕྱེ་ཡོད། ཞིབ་འཇུག་གི་འབྲས་བུ་འདི་ནི་སློབ་གསོ་པུས་པེ་ཅིང་དགེ་འོས་སློབ་ཆེན་ལ་མངགས་བཅོལ་བྱས་པ་དང་རྒྱལ་ནང་གི་མཐོ་སློབ་ཁག་གི་རིགས་གཅིག་མཁས་ཅན་བརྒྱ་ཙམ་དང་མཉམ་འབྲེལ་བྱས་ཏེ་ཞིབ་དཔྱད་ཚོགས་ཆུང་གྲུབ་ཐོག་དུས་ཡུན་ལོ་གསུམ་ཞིབ་འཇུག་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་རེད།
         “སློབ་མ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་བྱང་ཚད”ནི་སློབ་མར་ལྡན་དགོས་ངེས་དང་། ཚེ་གང་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ལྡན་དགོས་ངེས་ཀྱི་ཀུན་སྤྱོད་དང་འགག་རྩའི་ནུས་པར་བརྗོད་པ་དང་། སློབ་མའི་ཤེས་བྱ་དང་། རྩལ་ནུས། བརྩེ་སེམས། རྣམ་འགྱུར་འཛིན་སྟངས། རིན་ཐང་ལྟ་བ་སོགས་ཕྱོགས་མང་པོའི་བླང་བྱ་དང་འབྲེལ་བའི་ཕྱོགས་བསྡུས་མཚོན་ཚུལ་ཞིག་དང་། སློབ་མ་ཚང་མ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་དང་མི་སྒེར་གྱི་ཚེ་གང་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག མེད་དུ་མི་རུང་བའི་ཐུན་མོང་གི་བྱང་ཚད་ཅིག་རེད། སྲོག་ཤིང་བྱང་ཚད་འཕེལ་རྒྱས་གཏོང་བ་ནི་ཚེ་གང་རྒྱུན་མཐུད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་སློབ་ཁྲིད་བྱེད་ཆོག་ལ་སྦྱང་ཆོག་པ་དང་ཐོག་མར་ཁྱིམ་ཚང་དང་སློབ་གྲྭར་གསོ་སྐྱོང་བྱེད་པ་དང་དེ་རྗེས་ཚེ་གང་ཁྲོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་ཞིག་རེད།
         སྲོག་ཤིང་བྱང་ཚད་གསལ་པོ་བཟོ་བྱས་པས། ཕྱོགས་གཅིག་ནས་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་ཐེབས་ནས་མིག་སྔའི“རིག་ཚན་གཙོ་བོར་བྱེད་པ”དང“ཤེས་བྱའི”རྣམ་པར་འགྱུར་ལྡོག་གཏོང་ཐུབ་པ་དང་ཕྱོགས་གཞན་ཞིག་ནས་སློབ་མར་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་ཐུབ་སྟེ་སློབ་མས་དམིགས་ཚད་ཅིག་ལ་ཕྱོགས་ནས་ཟམ་མི་ཆད་པར་འབད་བརྩོན་བྱ་རྒྱུར་སྐུལ་མ་གཏོང་ཐུབ།
         རྒྱལ་ཁབ་སློབ་གསོའི་བློ་འདྲི་ཨུ་ཡོན་ཀྲང་མིན་ཧྲེང་གིས་ཀྲུང་གོའི་སློབ་མ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་བྱང་ཚད་ཞིབ་འཇུག་བྱས་པ་དེས་རིག་ཚན་གྱི་སྲོག་ཤིང་བྱང་ཚད་གཞི་གནས་སུ་བྱས་པ་དང་རིག་ཚན་ཁག་གི་སློབ་གཞི་རྩོམ་སྒྲིག་དང་། སློབ་ཁྲིད་ནང་དོན། སློབ་ཁྲིད་དཔྱད་དཔོག་བཅས་ལ་ཇུས་འགོད་བྱས་པ་བརྒྱུད་ཁྲིད་ཐུབ་པ་དང་། སྦྱོང་ཐུབ་པ། དཔྱད་དཔོག་ཐུབ་པ། ཚད་འཇལ་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་དེའི་གྲུབ་འབྲས་ལ་རིགས་པའི་གཞུང་ལུགས་དོན་སྙིང་དང་ལག་ལེན་རིན་ཐང་ངེས་ཅན་ལྡན་པས་ཕྱོགས་ཡོངས་ནས་རང་རྒྱལ་གྱི་བྱང་ཚད་སློབ་གསོ་སྒྱུར་བཅོས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
         སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོའི་སློབ་མ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་བྱང་ཚད་ཞིབ་འཇུག་འབྲས་བུ་ལས་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དེར་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཁར་སྤྱིའི་བླང་བྱ་ནན་བཤད་བྱས་ཡོད། ཉེ་བའི་ལོ་ཤས་རིང་བྱང་ཚད་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཆབས་ཅིག སྔར་བཞིན་སློབ་ཚན་དང་དང་བསླབ་གཞིའི་མ་ལག་རང་བཞིན་དང་འཚམ་ནུས་ཆེན་པོ་མེད་པ་དང་། སློབ་ཚན་མ་ལག་གི་དཔྱད་དཔོག་ཚད་གཞི་ཁ་གསལ་མེད་པ། མཐོ་སློབ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་དམིགས་ཚད་འབྲེལ་མཐུད་དམ་ཚགས་ཐུབ་མེད་པ། སློབ་ཚན་ནང་དོན་ཁག་གཅིག་བསྐྱར་ཟློས་སོགས་ཀྱི་གནད་དོན་ལྷག་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་པར་སྲོག་ཤིང་བྱང་ཚད་རྩ་གནད་དུ་བྱས་པ་དང་སྡེ་ཚན་ཁག་དབར་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། སྤྱི་ཡོངས་ནས་སློབ་གསོའི་ལྷུ་ཚིགས་ཁག་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།