འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་སློབ་གྲྭ་དང་དེའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་
    འཇགས་ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་22ཉིན་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་གསལ། སློབ་གྲྭ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པ་བྱས་ཏེ་སློབ་གྲྭ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་སོགས་སྡེ་ཚན་6གིས་མཉམ་འབྲེལ་ཐོག་《སློབ་གྲྭ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་རེད།
         《བསམ་འཆར་》ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སློབ་མའི་ཟ་ཁང་དང་། སློབ་མའི་མཉམ་སྡེབ་ཁ་ལག་སྡེབ་སྐྱེལ་ཚན་པ། སློབ་གྲྭའི་ཉེ་འགྲམ་གྱི་ཙག་ཙིག་ཚོང་ཁང་། ཟ་ཁང་ཆུང་ཆུང་སོགས་ལ་ཆོག་འཐུས་སམ་ཐོ་བཀོད་བྱེད་པ་དང་། སློབ་གྲྭ་དང་དེ་བཞིན་ཉེ་འགྲམ་གྱི་བཟའ་བཅའ་ཚོང་གཉེར་བྱེད་མཁན་ཚང་མ་ལྟ་སྐུལ་དོ་དམ་བྱེད་པའི་ཁྱབ་ཁོངས་ནང་འཇུག་པ། ལྟ་སྐུལ་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ལོ་ལྟར་གྱི་དཔྱིད་གྱི་སློབ་འགོ་ཚུགས་རྗེས། སློབ་གྲྭ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         གཞན་ཡང་། ས་གནས་རིམ་ཁག་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་ལས་དོན་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་ཕྲའི་བྱེད་ཐབས་བཟོས་ཏེ་ལྟ་སྐུལ་དོ་དམ་བྱེད་ནུས་སྔར་བས་ཆེ་རུ་གཏོང་བ་དང་། སློབ་མ་སློབ་གྲྭར་སྐྱོད་པ་དང་སློབ་གྲྭ་གྲོལ་བའི་དུས་ཚོད་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མགྱོགས་མྱུར་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ། སློབ་གྲྭའི་ཉེ་འགྲམ་དུ་ལག་ཁྱེར་མེད་པར་ཁྲོམ་བཤམས་མཁན་ལ་ཞིབ་བཤེར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།