འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་བའི་དུས་ཚོད་ཟླ་6ཚེས་25ཉིན་
    ནས་ཟླ་7ཚེས་1ཉིན་བར་ཡིན་པ།  

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་གྱི་སྔ་དྲོ་གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རེ་འདུན་རེའུ་མིག་སྐོང་བའི་དུས་ཚོད་ནི་ཟླ་6ཚེས་25ཉིན་ནས་ཟླ་7ཚེས་1ཉིན་བར་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུར“གཅིག་མཚུངས་རེ་འདུན”འགོད་ཐབས་སྤྱོད་རྒྱུ་དང་། སློབ་བསྡུའི་སློབ་གྲྭར་ཁག་དང་པོ་དང་། ཁག་གཉིས་པ། ཁག་གསུམ་པ་བཅས་སློབ་བསྡུའི་སློབ་གླིང་དང་སློབ་གྲྭ་གསུམ་དུ་ཕྱེ་ནས། ཁག་ཐེངས་རེར་A.B.C.D.E.F.G.H.I.Jབཅས་སློབ་གླིང་དང་སློབ་གྲྭ་བཅུ་ཡི་རེ་འདུན་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གྲྭ་ཚང་མའི་རེ་འདུན་ལ་ཆེད་ལས་ཀྱི་རེ་འདུན་4དང“ཆེད་ལས་བཀའ་བཀོད་དང་ལེན་སྙོམས་སྒྲིག”རེ་འདུན་བཀོད་སྒྲིག་བྱས་ཡོད་པ་ལས“སློབ་གླིང་དང་སློབ་གྲྭའི་བཀའ་བཀོད་དང་ལེན་སྙོམས་སྒྲིག”བཀོད་སྒྲིག་བྱས་མེད། སྔ་སྣུར་ཁེར་རྐྱང་སློབ་བསྡུའི་སློབ་གླིང་དང་སློབ་གྲྭའི་ཁག་ཐེངས་ལ་(དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཚུད་པ་)སྔར་བཞིན་སྲོལ་རྒྱུན་ལྟར་རེ་འདུན་འགོད་པའི་བྱ་ཐབས་སྤྱོད་རྒྱུ་རེད།
         རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་མིང་འགོད་རྒྱུགས་སྤྲོད་རེ་འདུན་རེའུ་མིག་ཚང་མ་དྲ་ཐོག་ནས་སྐོང་དགོས་ཀྱི་ཡོད། རྒྱུགས་སྤྲོད་སློབ་མས་རེ་འདུན་རེའུ་མིག་སྐོང་སྐབས། མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སྐབས་ཀྱི་ཨང་གྲངས་དང་གསང་རྟགས་ལ་གཞིགས་ནས། བོད་ལྗོངས་སློབ་གསོ་རྒྱུགས་སྤྲོད་དྲ་བའི་(http∶∥www.xzzsks.com.cn)ཐོག་མིང་ཐོ་འགོད་དགོས། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་རང་ཉིད་ཀྱིས་བསྐངས་པའི་རེ་འདུན་རེའུ་མིག་དེ་བདེན་པ་དང་ཡང་དག་ཡིན་པའི་འགན་འཁུར་དགོས།
         རྒྱུགས་སྤྲོད་སློབ་མ་ཚོར་དྲན་སྐུལ་བྱ་རྒྱུར། རྒྱུགས་སྤྲོད་སློབ་མས་རེ་འདུན་རེའུ་མིག་བསྐངས་ཟིན་རྗེས་བཟོ་བཅོས་བྱ་མི་ཆོག རྒྱུགས་སྤྲོད་སློབ་མས་རེའུ་མིག་སྐོང་ནོར་ཤོར་ནས་ཐོན་པའི་མཇུག་འབྲས་ཀྱི་འགན་སློབ་མ་སོ་སོས་འཁུར་དགོས།
         སློབ་བསྡུའི་འཆར་གཞི་དེ་སློབ་ཁུངས་མི་འདྲ་བར་གཞིགས་ནས་རིགས་ཕྱེ་ཡོད། རྒྱུགས་སྤྲོད་སློབ་མས་སློབ་བསྡུའི་འཆར་གཞིའི་རིགས་དབྱེ་གཞིར་བཟུང་། སློབ་མ་སོ་སོས་མིང་འགོད་རྒྱུགས་སྤྲོད་བྱ་ཆོག་པའི་རིགས་དང་ཚན་ཁག་ནས་མིང་འགོད་རྒྱུགས་སྤྲོད་ཀྱི་སློབ་གླིང་ངམ་སློབ་གྲྭ་དང་ཆེད་ལས་རེ་འདུན་འདེམས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་དང་བླང་བྱ་གཞིར་བཟུང་རེའུ་མིག་སྐོང་དགོས། རྒྱུགས་སྤྲོད་སློབ་མས་རེ་འདུན་རེའུ་མིག་མ་བསྐང་གོང་ངེས་པར་དུ་སློབ་བསྡུའི་སློབ་གླིང་ངམ་སློབ་གྲྭའི་དྲ་ཚིགས་ལ་ཞུགས་པའམ། ཡང་ན་ཐབས་ཤེས་གཞན་ལ་བརྟེན་ནས་མིང་འགོད་རྒྱུགས་སྤྲོད་སློབ་གླིང་ངམ་སློབ་གྲྭའི་སློབ་བསྡུའི་ཐབས་ཤེས་ནན་ཏན་ངང་ལྟ་དགོས་པ་དང་། མིང་འགོད་རྒྱུགས་སྤྲོད་ཀྱི་སློབ་གླིང་ངམ་སློབ་གྲྭའི་རིགས་(གཞུང་བཙུགས་དང་། དམངས་བཙུགས། ཁེར་རྐྱང་སློབ་གླིང་སོགས་)དང་། སློབ་གཉེར་གྱི་ད་ལྟའི་གནས་ཚུལ། སློབ་གྲྭ་འཛུགས་ཡུལ། མིང་འགོད་རྒྱུགས་སྤྲོད་ཆེད་ལས་ཀྱི་བླང་བྱ་དང་གྲོན་བསྡུའི་ཚད་གཞི་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། རེའུ་མིག་གང་བྱུང་དུ་རྒྱོང་བའི་རྣམ་པ་མི་ཐོན་པ་བྱེད་དགོས།
         རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་《སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ལམ་ལུགས་སྒྱུར་བཅོས་བསམ་འཆར་སྐོར་གྱི་རང་སྐྱོང་ལྗོངས་མི་དོན་ཐིང་སོགས་སྡེ་ཚན་གྱི་བརྡ་ཐོ་མཆན་བཀོད་བརྒྱུད་སྤྲོད་》ཀྱི་དགོངས་དོན་གཞིར་བཟུང་། མཐོ་སློབ་དཀྱུས་མས་བསྡུས་པའི་སློབ་མ་སློབ་གྲྭ་ཐོན་རྗེས་ཕྱོགས་གཉིས་གདམ་ཀ་དང་རང་མོས་ལས་འདེམས་བྱེད་ཆོག་པའི་ཁྲོད་དགེ་རྒན་རིགས་ཀྱི་སློབ་མ་སློབ་གྲྭ་ཐོན་རྗེས་སློབ་གསོའི་ཁོངས་གཏོགས་སུ་ཕྱོགས་གཉིས་གདམ་ཀ་བྱ་ཆོག
         རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གི་《〈བོད་རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་རིགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མར་སློབ་ཡོན་རྩ་ཆག་གཏོང་བའི་སློབ་གསོ་ལག་བསྟར་བྱེད་ཐབས་〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་》དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་མཐོ་སློབ་དཀྱུས་མར་བསྡུས་པའི་དགེ་འོས་རིགས་ཀྱི་ཆེད་ལས་དང་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་རིགས་ཀྱི་འབྲེལ་ཡོད་ཆེད་ལས་(གཤམ་དུ“སློབ་ཡོན་རྩ་ཆག་དང་ཁ་གསབ་སྤྲོད་པའི་ཆེད་ལས”ཞེས་བསྡུ་རྒྱུ་)དང་སློབ་མ་གསར་པར་སློབ་ཡོན་རྩ་ཆག་གཏོང་བའི་(ཁ་གསབ་སྤྲོད་པ་)སྲིད་ཇུས་ལག་བསྟར་བྱས་ཏེ་ཞིབ་ཕྲའི་སློབ་བསྡུའི་ཆེད་ལས་《བོད་རང་སྐྱོང་ལྗོངས་ཀྱི་2016ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་འཆར་གཞི་》ཡི་ཁྲོད“དགེ་འོས་རིགས”སམ་ཡང་ན“སློབ་ཡོན་རྩ་ཆག་དང་ཁ་གསབ་སྤྲོད་པའི་ཆེད་ལས”ཞེས་ཟུར་མཆན་འགོད་རྒྱུ་རེད། སློབ་ཡོན་རྩ་ཆག་(ཁ་གསབ་སྤྲོད་པའི་)ཚད་གཞི་དེ་སློབ་མ་རེར་སློབ་དུས་རེར་སློབ་ཡོན་སྒོར་2800དང་། ཞག་སྡོད་འགྲོ་སོང་སྒོར་800 འཚོ་བའི་ཁ་གསབ་སྒོར་2000བཅས་རེད། པེ་ཅིང་དགེ་འོས་སློབ་ཆེན་སོགས་དགེ་འོས་ཁོང་གཏོགས་ཀྱི་སློབ་ཆེན་དྲུག་གི་སློབ་ཡོན་སྤྲོད་མི་དགོས་པའི་དགེ་འོས་སློབ་མར་སློབ་གསོ་པུའི་དགེ་འོས་སློབ་མར་སློབ་ཡོན་རྩ་ཆག་གཏོང་རྒྱུའི་སྐོར་གྱི་སློབ་གསོའི་སྲིད་ཇུས་ལྟར་ལག་བསྟར་བྱ་རྒྱུ་རེད།
         ལྗོངས་ནང་ཁུལ་གྱི་སློབ་ཆེན་དང་སློབ་གྲྭའི་དགེ་འོས་རིགས་ཀྱི་ཆེད་ལས་དང“སློབ་ཡོན་རྩ་ཆག་དང་ཁ་གསབ་སྤྲོད་པའི་ཆེད་ལས”སུ་ཚུད་པའི་སློབ་མ་གསར་པ་སློབ་གྲྭར་འབྱོར་རྗེས། སློབ་གྲྭས་སློབ་ཡོན་རྩ་ཆག་དང་ཁ་གསབ་སྤྲོད་པའི་ཆེད་ལས་ཀྱི་འགྲོ་ལུགས་མཉམ་དུ་གཅིག་སྡུད་གཉེར་རྒྱུ་རེད། ལྗོངས་ཕྱིའི་སློབ་གླིང་དང་སློབ་གྲྭའི་དགེ་འོས་རིགས་ཀྱི་ཆེད་ལས་དང“སློབ་ཡོན་རྩ་ཆག་དང་ཁ་གསབ་སྤྲོད་པའི་ཆེད་ལས”ལ་ཚུད་པའི་སློབ་མ་གསར་པ་སློབ་གྲྭར་མ་བསྐྱོད་གོང་ཐེམ་ཐོ་གནས་ཡུལ་ས་ཁུལ་(གྲོང་ཁྱེར་)གྱི་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཚན་ནས་《སློབ་ཡོན་རྩ་ཆག་(ཁ་གསབ་སྤྲོད་པ་)སློབ་མ་འབྱོར་ཐོ་འགོད་པའི་འབྱོར་ལན་ཤོག་བྱང་》ལེན་དགོས། སློབ་གྲྭར་འབྱོར་ཐོ་བཀོད་ནས་ཟླ་བ་གཅིག་ནང་སློབ་སྦྱོང་བྱ་ཡུལ་སློབ་གླིང་དང་སློབ་གྲྭའི་ཐམ་ཀ་བརྒྱབ་པའི་《སློབ་ཡོན་རྩ་ཆག་(ཁ་གསབ་སྤྲོད་པ་)གི་སློབ་མ་འབྱོར་ཐོ་འགོད་པའི་འབྱོར་ལན་ཤོག་བྱང་》བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་སུ་བསྐུར་ནས་གཏན་འབེབས་ལྟར་སློབ་ཡོན་རྩ་ཆག་(ཁ་གསབ་)གི་འབྲེལ་ཡོད་འགྲོ་ལུགས་གཉེར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།