འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྲོ་བས་ཁེངས་པའི་གནས་མཆོག་འདིར། དམངས་སེམས་མ་བསྡུས་རང་དུ་འདུས།

    —— ཧྲན་ཏུང་ཞིང་ཆེན་གྱིས་བོད་ཀྱི་གཞིས་རྩེའི“རིག་གནས་སྒོ་ར་ཆེན་པོ”སྐྲུན་རོགས་བྱས་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཚེས་16ཉིན་གྱི་ཕྱི་དྲོ་ལོ་73ལ་སླེབས་པའི་རྒན་མོ་ཚེ་རིང་ནམ་རྒྱུན་དང་འདྲ་བར་ཁྱིམ་དང་བར་ཐག་ཉེ་བའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་གྱི“རིག་གནས་སྒོ་ར་ཆེན་པོར”བསྐྱོད་ཅིང་། འདི་ལོའི་ཟླ་གསུམ་པར་སྒོ་ར་ཆེན་པོ་སྤྱོད་འགོ་ཚུགས་ཚུན། “དོན་དག་ཡོད་སྐབས་དོན་དག་སྒྲུབ་པར་ཡོང་བ་དང་དོན་དག་མེད་སྐབས་སྐོར་ཙམ་བྱེད་པ”དེ་རྒན་མོའི་གོམས་གཤིས་སུ་གྱུར།
         བདེ་ལེགས་སྡེ་ཁུལ་གྱི“རིག་གནས་སྒོ་ར་ཆེན་པོ”དེ་བསམ་གྲུབ་རྩེ་ཆུས་བདེ་ལེགས་ནུབ་ལམ་དུ་གནས་པ་དང་སྒོ་རའི་ཐོག་སོ་དང་པོ་ནི་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་། གཅེས་སེམས་སྒོ་རྩིས་ཚོང་ཁང་། སྡེ་ཁུལ་གྱི་སྨན་བཅོས་ཁང་བཅས་ཡིན་པ་དང་། ཐོག་སོ་གཉིས་པར་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཀྲི་པུའི་བྱེད་སྒོ་ཁང་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་། ལུས་སྦྱོང་ཁང་། བྱིས་པའི་རོལ་རྩེད་ཁང་སོགས་ཀྱི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་ཡོད།
         རྒན་མོ་ཚེ་རིང་རིག་གནས་ལུས་རྩལ་བྱེད་སྒོ་ཁང་དུ་སྐྱོད་སྐབས། དེའི་ནང་རྒན་རྒོན་བདུན་བརྒྱད་གྱིས་སྒོར་གཞས་འཁྲབ་པའམ་ཡང་ན་ཁ་བརྡ་གློད་བཞིན་འདུག
         བདེ་ལེགས་སྡེ་ཁུལ་གྱི་ཀྲུའུ་རེན་ཝང་ཡུང་གིས“རིག་གནས་སྒོ་ར་ཆེན་པོ”བསྐྲུན་པ་ནས་བཟུང་། ཉིན་རེར་ཆ་སྙོམས་གྲོང་མི་50ཙམ་ལ་སྣེ་ལེན་ཞུ་བའི་ནང་ནས་90%བོད་རིགས་མང་ཚོགས་རེད། དེ་དང་ཆབས་ཅིག་སྡེ་ཁུལ་གྱི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཏང་ཡོན་ལ་ཡང་དུས་བཀག་བཞིན་སྒོ་ར་ཆེན་པོར་ཡོང་ནས་རྩ་འཛུགས་ཀྱི་འཚོ་བའི་བྱེད་སྒོ་སྤེལ་བར་མཐུན་རྐྱེན་བསྐྲུན་ཡོད། དེ་སྔ་ཚང་མ་ཇ་ཁང་དུ་ཁ་བརྡ་གློད་པར་འགྲོ་རྒྱུར་དགའ་པོ་ཡོད། ཡིན་ནའང་ད་ཆ་སྒྲིག་ཆས་ཆ་ཚང་བ་དང་ཞབས་ཞུ་ཡག་པོ་ཐུབ་པའི“སྒོ་ར་ར་ཆེན་པོ”དེ་ཁོང་ཚོའི་གདམ་ག་གཞན་ཞིག་ཏུ་གྱུར་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་གྱི་གཤམ་འོག་ཏུ་ཞིང་པའི་ཚོགས་ཆུང་གཉིས་དང་གྲོང་མིའི་ཚོགས་ཆུང་15ཡོད་པར་ཁྱོན་གྲོང་མི་7478ཡོད་པ་དང་། དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་སྡེ་ཁུལ་ཆེ་ཤོས་དེ་རེད། དེ་ཁུལ་གྱི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་པ་དང་ཁོངས་གཏོགས་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྡེ་ཁུལ་གྱི་སྔར་ཡོད་གཞུང་ལས་སྒྲིག་བཀོད་རྙིང་པ་ཆགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མི་འདང་བའི་གནད་དོན་མངོན་འགོ་ཚུགས་པ་རེད།
         ན་ནིང་གི་ཟླ་4པར། བསམ་གྲུབ་རྩེ་ཆུས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་ཆིང་ཏའོ་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་500བཏང་ནས་བདེ་ལེགས་སྡེ་ཁུལ་གྱི“རིག་གནས་སྒོ་ར་ཆེན་པོ”བསྐྲུན་པ་དང་། འདི་ལོའི་ཟླ་3པར་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1500ཟིན་པའི་དམངས་ཕན་ཞབས་ཞུ་དང་། གཞི་རིམ་ཏང་འཛུགས་སྐྱོང་། གྲོང་མིའི་རིག་གནས། རྒྱང་ཁྲིད་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི“རིག་གནས་སྒོ་ར་ཆེན་པོ”དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།
          “‘རིག་གནས་སྒོ་ར་ཆེན་པོས’ཏང་ཡོན་གྱི་བྱེད་སྒོ་སྤེལ་རྒྱུ་དང་མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་ཞུ་རྒྱུར་ལས་སྟེགས་བཏོད་ཡོད། འདི་ལོའི་ཟླ་3ཚེས་28ཉིན་རིག་གནས་སྒོ་ར་ཆེན་པོར་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་སྐབས། བདེ་ལེགས་སྡེ་ཁུལ་གྱི་གྲོང་མི་200ལྷག་ཙམ་ཞུགས་ཡོད”ཅེས་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་ལྷག་ཕན་གྱིས་བཤད་བྱུང་།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ལྔ་ལ་ཁ་གཏད་རོགས་སྐྱོར་བྱེད་རིང་རིམ་རྩིས་ལྟར་ན། མ་དངུལ་སྒོར་ཁྲི་4500ལྷག་ཙམ་བཏང་ནས“རིག་གནས་སྒོ་ར་ཆེན་པོའི”རྣམ་གྲངས་ལག་ལེན་བསྟར་ཞིང་། མིག་སྔར་“རིག་གནས་སྒོ་ར་ཆེན་པོ”13བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་བཏང་ཡོད་པ་རེད།
         “‘རིག་གནས་སྒོ་ར་ཆེན་པོའི’བྱ་ཐབས་དེ་རིགས་ཀྱིས་གཞི་རིམ་གྱི་ཕྱོགས་བསྡུས་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཏོད་དེ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་རྩ་འཛུགས་ཀྱི་སྲོག་ཤིང་གནས་བབ་བརྟན་དུ་གཏོང་རྒྱུར་ཕན་པ་ཐོན་ཡོད་ལ། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས‘འཐབ་ས་སྐྲུན་པ་དང་། ཞབས་འདེགས་ཞུ་བ། ཞི་མཐུན་ལ་སྐུལ་འདེད’བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད”ཅེས་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་བསམ་གྲུབ་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝང་པོས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།