འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས"ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོ"གཏོད་ནས་ནུབ་ཕྱོགས་ཀྱིས་གྲོགས་མེད་ཁེར་རྐྱང་
    དུ་འཇོག་པའི་འཆིང་རྒྱ་ལས་གྲོལ་ཐབས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་དུས་ཡུན་ཉིན་གསུམ་གྱི་སྐབས་20པའི་ཧྲེང་ཕི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་གྲོལ་ཞིང་། གླེང་སྟེགས་འཚོགས་རིང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་གཏམ་བཤད་སྤེལ་ནས། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་། རྒྱ་གར། ཀྲུང་གོ རང་བཙན་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག དེ་མིན་གྱི་རྒྱལ་ཁབ་བཅས་ཞུགས་པའི་ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་རེ་འབོད་བྱས་པ་རེད།
         དབྱེ་ཞིབ་པས། ཨུ་རུ་སུས་ཆེད་མངགས་ཧྲེང་ཕི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་བརྒྱུད་འཛམ་གླིང་ལ་རྒྱལ་ཁབ་ཁག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པའི་ཨུ་རུ་སུ་ཞིག་མངོན་འདོད་ཡོད་པ་མ་ཟད། ཡུག་རེན་གྱི་ཉམས་ཉེན་བྱུང་ཚུན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཇོག་པའི་འཆིང་རྒྱ་ལས་གྲོལ་ཐབས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         མཉམ་ལས་བྱས་ན་གཞི་ནས་གཉིས་ཁེ་གཉིས་ཕན་ཡོང་ཐུབ།
         དབྱེ་ཞིབ་པས། ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི་རོགས་ཟླའི་འབྲེལ་བའི་སྐོར་གྱི་ཕུའུ་ཅིང་གི་གཏམ་བཤད་ལས་ཕྱི་ཕྱོགས་སུ་ཨུ་རུ་སུས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པའི་འདོད་ཚུལ་ཁ་གསལ་བཏོན་པ་དང་། ལྷག་པར་དུ། ཨུ་རུ་སུ་དང་ཡོ་རོབ་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་རྒྱུའི་འབོད་སྒྲ་མཚོན་པར་བྱས་ཡོད། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དངོས་ཚན་གལ་ཆེན་ངོས་ནས། ཨུ་རུ་སུ་དང་ཡོ་རོབ“འཆམ་ན་གཉིས་ཕན་དང་མ་འཆམ་ན་མཉམ་རྒུད”ཡིན་པས། འཆམ་མཐུན་དང་གཉིས་ཁེ་མཉམ་ཕན་མངོན་འགྱུར་བྱ་རྒྱུ་ནི་འགྲོ་ལམ་ཉག་གཅིག་ཡིན་པར་བཤད།
         ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་ཨུ་རུ་སུར་བཀག་སྡོམ་བྱེད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་བསམ་འཆར་མི་མཐུན་པ་ཡོད་ཅིང་། ད་ཐེངས་ཀྱི་གླེང་སྟེགས་ལ་ཞུགས་པའི་ཧྥ་རན་སེའི་ཙུང་ཐུང་ཟུར་པ་སཱ་ཁེ་ཆིས། ཡོ་རོབ་མནའ་འབྲེལ་དང་ཨུ་རུ་སུའི་འབྲེལ་བར་ཨ་རིའི་བཀོད་པ་མི་ཕོག་པ་བྱེད་དགོས་པ་དང་། ཡོ་རོབ་བ་དང་ཨུ་རུ་སུ་བ་རང་ཉིད་ལ་གནད་དོན་དེ་ཐག་གཅོད་བྱེད་པའི་ནུས་པ་ཡོད་པས། བཀག་སྡོམ་མེད་པ་བཟོས་ཏེ་ཡོ་རོབ་དང་ཨུ་རུ་སུ་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་འགྲོ་བ་བྱས་ཏེ་འཇམ་འཐབ་གསར་པ་མ་ལངས་པ་བྱེད་དགོས་ཚུལ་བཤད།
         བཀག་སྡོམ་གྱིས་ཨུ་རུ་སུ་ཕམ་ཉེས་གཏོང་མི་ཐུབ།
         ཕུའུ་ཅིང་གི་གཏམ་བཤད་ནང་2015ལོའི་དུས་ཚིགས་དང་པོ་དང་བསྡུར་ན། ཉེ་དུས་ཨུ་རུ་སུ་ནས་ཕྱི་རྒྱལ་གྱི་མ་རྩ་ཕྱིར་འཐེན་གྲངས་འབོར་མངོན་གསལ་འདོད་པོས་ཆགས་ཅིང་། ཨུ་རུ་སུར་གྲབས་གསོག་ཐེབས་རྩ་འདང་ངེས་ཡོད་པས། ཉེ་དུས་དངུལ་ལོར་འགྲེམས་ཐལ་ཤོར་ཚད་4%ནས་5%བར་ཚོད་འཛིན་བྱེད་ཐུབ་པར་བརྟེན་ཨུ་རུ་སུའི་དཔལ་འབྱོར་འཕར་རྒྱུ་མགྱོགས་མྱུར་སླར་གསོ་ཐུབ་ངེས་རེད་ཅེས་བཤད།
         ད་ཐེངས་ཀྱི་གླེང་སྟེགས་འཚོགས་རིང་། ཨུ་རུ་སུ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ནཱ་པི་ཨུ་ལིན་ནཱས། ཨུ་རུ་སུའི་དཔལ་འབྱོར་གྱིས་ཕྱི་ཕྱོགས་ཀྱི་ཁོར་ཡུག་དང་འཚམ་པ་བྱེད་པའི་མྱུར་ཚད་སྔོན་རྩིས་ལས་བརྒལ་བ་དང་། ཨུ་རུ་སུའི་རྒྱལ་སྤྱིའི་གཏོང་ཡོང་དང་། ཕྱིར་གཏོང་ནང་འདྲེན། ནོར་སྲིད་ཁོངས་གཏོགས་སོགས་ཁྱབ་ཁོངས་ཚང་མ་བལྟོས་བཅས་ཀྱིས་དོ་སྙོམས་ཀྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་ཨུ་ལིའུ་ཁཱ་ཡེ་ཧྥུས་ཀྱང་ཨུ་རུ་སུའི་དཔལ་འབྱོར་གྱི་རྐང་པ་བརྟན་པོ་ཚུགས་བཞིན་ཡོད་པས། འདི་ལོའི་ལོ་མཇུག་ཏུ་ཉམས་རྒུད་ལས་ཡོངས་སུ་གྲོལ་ཐུབ་རྒྱུ་རེད་ཅེས་བཤད།
        “ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི”འཆར་གཞིའི་མདུན་ལམ་ལ་འོད་ཟེར་ལྡན།
          དབྱེ་ཞིབ་པས། ཨུ་རུ་སུས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བཙུགས་པ་བརྒྱུད“ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི”འཆར་གཞི་ལག་ལེན་བསྟར་རྒྱུར་རྨང་གཞི་བཏིང་ཡོད་ཅེས་བཤད།
         2010ལོར་ཕུའུ་ཅིང་གིས“ཡོ་རོབ་དཔལ་འབྱོར་གྱི་མ་ལག་གསར་པའི”བསམ་བཀོད་བཏོན་ནས་ཕོར་ཐིའུ་ཀལ་གྱི་ལི་སི་པན་ནས་ཨུ་རུ་སུའི་ཧྥུ་ལ་ཏི་ཨོ་སི་ཐོ་ཁེ་བར་གྱི་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་ཅིག་འཛུགས་རྒྱུའི་གྲོས་འགོ་བཏོན་མྱོང་ཡོད་པ་རེད།
         ཕུའུ་ཅིང་གི་གཏམ་བཤད་ནང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་ནི་སྒོ་དབྱེ་དང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་རེད། ཨུ་རུ་སུས་ཡོ་རོབ་མནའ་འབྲེལ“ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི”འཆར་གཞིའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་དབར་སྦྲེལ་མཐུད་གནད་དོན་ཐད་གླེང་མོལ་བྱེད་འདོད་ཡོད་ཚུལ་ནན་བཤད་བྱས།
         དབྱེ་ཞིབ་པས། “ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི”འཆར་གཞི་ལག་ལེན་བསྟར་བར་སྔར་བཞིན་དཀའ་ངལ་འགའ་འཕྲད་སྲིད་མོད། སྒོ་དབྱེ་དང་ཁོང་ཡངས་ཀྱི་བསམ་བློ་འཛིན་པ་དང“འཆམ་མཐུན་མེད་པའི་བསམ་བློ་གཏོང་སྟངས”དོར་བའི་རྨང་གཞིའི་ཐོག ཡངས་ཤིང་རྒྱ་ཆེ་བའི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོར་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལས་སྟེགས་ཤིག་ཡོངས་སུ་བསྐྲུན་ཐུབ་རྒྱུ་ཡིན་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།