འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཕྱོགས་སུ་དྲག་ཆར་བབས་ནས་ས་ཆ་མང་པོར་ ཆུ་ལོག་གི་གནོད་འཚེ་བྱུང་བ།

    ལྟ་ཞིབ་ཚད་ལེན་གྱིས་ཉེན་ཟོན་སྔོན་བརྡ་བཏང་ནས་གེགས་བར་ཉུང་གཏོང་གི་ ནུས་པ་གལ་ཆེན་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། ཀོང་ཏུང་ཞིང་ཆེན་ཤིན་དབྱི་གྲོང་ཁྱེར་དུ་ཆུ་ཚོད་6ནང་དྲག་ཆར་འབབ་ཚད་ཧའོ་སྨི་430ཟིན་ནས་ས་གནས་ལོ་རྒྱུས་ཀྱི་ཆེས་གྲངས་ཐང་ལས་བརྒལ་ནས་ཆུ་གློག་གི་ས་གཤིས་གནོད་འཚེ་ཕོག་ཡོད། ཤིན་དབྱི་གྲོང་ཁྱེར་གྱིས་ཆུ་གློག་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་མ་ལག་ལ་བརྟེན་ནས་འགན་འཁུར་བ་8000ཙམ་ལ་ཉེན་ཟོན་སྔོན་བརྡའི་འཕྲིན་ཐུང་ཁྲི་4ལྷག་ཙམ་བསྐུར་བས། གྲོང་གསེབ་ཀྱི་ལས་བྱེད་པས་ཉེན་ཡོད་མང་ཚོགས་དུས་ཐོག་ཏུ་ས་ཆ་གཞན་དུ་སྤོས་པ་རེད། ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་4རྐྱེན་ལམ་དུ་ཤོར་བ་ལས་སྡེབ་ཤི་སྡེབ་རྨས་བྱུང་བའི་གནས་ཚུལ་ཐོན་མེད།
         དྲག་ཆར་གྱི་གནོད་འཚེ་ཕོག་པའི་ཅང་ཤིས་ཞིང་ཆེན་ལི་ཁྲོན་རྫོང་དུའང་རླུང་འཕྲིན་དང་། འཁར་རྔ། ལག་སྐོར་ཉེན་ཟོན་སྔོན་བརྡའི་ཡོ་བྱད་སོགས་སྤྱད་དེ་གཙང་འགྲམ་གྱི་ཤང་དང་གྲོང་ཚོར་ཉེན་ཟོན་སྔོན་བརྡ་བཏང་བས། ཉེན་ཡོད་ཁུལ་གྱི་མང་ཚོགས་1703དུས་ཐོག་ཏུ་གནས་སྤོ་ཐུབ་པས་མི་སྣ་ཤི་རྨས་བྱུང་མེད།
         འདི་ལོ་ཆུ་རྒྱས་ཚུན། རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆར་གྱི་གནོད་འཚེ་ཐེངས་20ཙམ་ཕོག་ནས་ཆུ་གློག་གི་ས་གཤིས་གནོད་འཚེ་མང་པོ་ཐོན་ཡོད། ས་གནས་ཁག་གིས་ཆུ་གློག་གནོད་འཚེ་འགོག་སྲུང་ལས་དོན་ཁྲོད་ཆུ་གློག་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་དང་མང་ཚོགས་ཀྱི་ལྟ་ཞིབ་དང་སྔོན་འགོག་མ་ལག་གང་ལེགས་སྤྱད་དེ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་ཡོད་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བྱས་ཏེ“ལྟ་ཞིབ་ཚད་ལེན་གནད་སྨིན་དང་། ཉེན་ཟོན་སྔོན་བརྡ་དུས་ཐོག བྱ་སྤྱོད་མྱུར་བ། གནས་སྤོ་གང་མགྱོགས། ཉེན་གཡོལ་ནུས་ལྡན”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་ཉུང་གཏོང་དང་གེགས་འགོག་གེགས་སེལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱས་པ་རེད།
         བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། ཅང་ཤིས་དང་། ཧུའུ་ནན། ཀོང་ཏུང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)15ཡི་རྫོང་(གྲོང་ཁྱེར་དང་ཆུས)686གིས་རྫོང་རིམ་པའི་ཆུ་གློག་གནོད་འཚེའི་ཉེན་ཟོན་སྔོན་བརྡ་ཐེངས་8988བཏང་བ་དང་། ཆུ་གློག་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ལས་སྟེགས་བརྒྱུད། དེ་འབྲེལ་ཡོད་འབྲུབ་འགོག་འགན་འཁུར་བ་ཁྲི་38.8ལ་ཉེན་ཟོན་སྔོན་བརྡའི་འཕྲིན་ཐུང་ཁྲི་432.5བཏང་བ་དང་ཉེན་ཟོན་སྔོན་བརྡའི་རླུང་འཕྲིན་ཐེངས་26860བཏང་ནས་ཆུ་གློག་གི་གནོད་འཚེའི་ཉེན་ཁ་འཕྲད་པའི་མང་ཚོགས་ཁྲི་57.1གནས་སྤོ་བྱས་པས་མི་སྣ་ཤི་རྨས་བྱུང་མེད།
      

    ཕྱོགས་བསྡུས་གསར་འགྱུར།