འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་སི་ཁྲོན་གྱི་དཀར་མཛེས་དང་རྔ་པ་ཁུལ་གཉིས་སུ་ཁྱབ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་22ཉིན། 08:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “དེ་སྔ་གྲོང་ཚོའི་ནང་བུ་བཅོལ་ཁང་གཅིག་ཀྱང་མེད་པས་ཕྲུ་གུའི་སློབ་ཞུགས་གོང་གི་སློབ་གསོར་སྣང་བ་གཏོང་མཁན་ག་ལ་ཡོད། ད་ཆ་སྒོ་རྩ་ནས་སློབ་གྲྭར་འགྲོ་ཆོག་པ་དང་ཆེད་མངགས་སློབ་ཚན་འཁྲིད་མཁན་དགེ་རྒན་ཡོད་ལ་ད་དུང་སློབ་ཡོན་ཡང་སྤྲོད་དགོས་མེད་པས་ཧ་ཅང་སྟབས་བདེ་པོ་འདུག”ཆ་སྙོམས་ས་བབ་སྨི་2000ལྷག་ཙམ་ཟིན་པའི་ཏཱ་ལེའང་ཧྲན་གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་གྲོང་ཚོ་9ཡི་བུ་བཅོལ་ཁང་ཟླ་བ་གསུམ་པར་སློབ་འགོ་ཚུགས་པས་ས་གནས་དེ་གའི་གྲོང་མིའི་སེམས་དྲོ་སོབ་སོབ་ཏུ་གྱུར་ཡོད་པ་རེད།
         རྒྱང་ཐག་ལེ་དབར་སྟོང་གི་སར་ཆོད་པའི་ལེ་ཧྲན་གྲོང་ཁྱེར་མཱ་པན་རྫོང་དང་ཨོ་པན་རྫོང་གི་ས་གནས་དེ་གའི་མཐོ་རིམ་སློབ་འབྲིང་སློབ་མ་སློབ་གྲྭར་འབྱོར་ཐོ་འགོད་སྐབས་དགའ་སྤྲོ་དཔག་མེད་སྐྱེ་འོས་པ་ཞིག་ནི་སློབ་དུས་འདི་ནས་བཟུང་སློབ་ཡོན་དང་དཔེ་དེབ་ཀྱི་རིན་པ་གང་ཡང་སྤྲོད་དགོས་ཀྱི་མེད་པ་དེ་རེད།
         འདི་ལོའི་དཔྱིད་ཀའི་སློབ་དུས་ནང་བཟུང་། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དང་། དཀར་མཛེས་ཁུལ། ལེའང་ཧྲན་ཁུལ། ལེ་ཧྲན་གྲོང་ཁྱེར་གྱི་མཱ་པན་རྫོང་དང་ཨོ་པན་རྫོང་། མན་དབྱང་གྲོང་ཁྱེར་གྱི་པེ་ཁྲོན་རྫོང་སོགས་ཚུད་པའི་རྫོང་51ལ་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ་སྟེ་ལོ་9ཡི་འོས་འགན་སློབ་གསོའི་རྨང་གཞིའི་ཐོག་ས་ཁུལ་དེ་དག་གི་སློབ་མའི་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཡོན་རྩ་ཆག་བཏང་ཡོད། དེར་བརྟེན་སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.4བཏང་ཡོད་པ་དེས་མི་རིགས་ཁག་གི་སློབ་མ་ཁྲི་150ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
         སི་ཁྲོན་ནི་རང་རྒྱལ་གྱི་བོད་རིགས་འདུས་སྡོད་ཁུལ་ཨང་གཉིས་པ་ཡིན་པ་དང་། དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས། ཆའང་རིགས་འདུས་སྡོད་ཁུལ་གཅིག་པུ་དེ་བཅས་རེད། དུས་ཡུན་རིང་པོའི་ནང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཐེབས་པས་གཞི་རིམ་གྱི་སློབ་གསོའི་རྨང་གཞི་ཧ་ཅང་ཞན་པོ་ཡོད་པ་རེད།
         སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ཀྲུའུ་ཧྲི་ཧུང་གིས“སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་བྱེད་མཚམས་རྦད་དེ་འཇོག་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན”2009ལོ་ནས་བཟུང་སི་ཁྲོན་གྱིས་སྲིད་གཞུང་ནས་མ་དངུལ་གཏོང་བ་བརྒྱུད་སློབ་ཞུགས་གོང་གི་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་སློབ་གསོ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོ་བཅས་ཀྱི་སློབ་ཡོན་མི་དགོས་པའི་འཆར་གཞི་ལག་བསྟར་འཚོལ་ཞིབ་བྱེད་འགོ་བཙུགས་ནས་མི་རིགས་ས་ཁུལ་གྱི་ཕྲུ་གུ་སློབ་གྲྭ་འགྲིམ་ཐུབ་པ་དང་སློབ་གྲྭ་ཡག་པོ་ཞིག་འགྲིམ་ཐུབ་པ་བྱས་ཡོད་ཅེས་བརྗོད།
         2015ལོའི་གོང་ལེའང་ཧྲན་ཁུལ་དུ་གྲོང་ཚོ་རིམ་པའི་གཞུང་བཙུགས་བུ་བཅོལ་ཁང་1ལས་མེད། ན་ནིང་ནས་བཟུང་ཁུལ་དེས“གྲོང་ཚོ་རེར་བུ་བཅོལ་ཁང་རེ་ཡོད་པའི”འཆར་གཞི་ལག་བསྟར་བྱས་ནས་གྲོང་ཚོ་རིམ་པའི་སློབ་ཁྲིད་བྱ་ཡུལ་978གསར་འཛུགས་བྱས་པ་དང་བུ་བཅོལ་ཁང་དུ་གསར་ཞུགས་བྱིས་པ་ཁྲི་4ཙམ་ཟིན་ནས་དབྱིས་རིགས་ས་ཁུལ་གྱི་གྲོང་གསེབ་ཏུ་སློབ་ཞུགས་གོང་གི་སློབ་གསོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལེའང་ཧྲན་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཞེ་ཉིང་གིས་སློབ་ཞུགས་གོང་གི་སློབ་གྲྭ་མ་འགྲིམ་ན་ས་གནས་དེ་གའི་སློབ་མ་ལོ་7ནས་8བར་མ་གཏོགས་རྒྱ་ཡིག་ཤེས་ཀྱི་མེད་པས་སློབ་ཁྲིད་མྱུར་ཚད་ཀྱི་རྗེས་མ་ཟིན་པ་དང་སྐད་བརྡ་མ་འཕྲོད་པའི་དབང་གིས་སློབ་སྦྱོང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དབྱིས་རིགས་ས་ཁུལ་དུ་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་བར“ཞན་ཆའི་ནང་གི་ཞན་ཆར”དམ་འཛིན་བྱས་ཏེ“སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི”རྨང་གཞི་འབྱུང་རྩ་ནས་བརྟན་དུ་གཏོང་དགོས་ཞེས་བརྗོད།
         ལོ་བཅོ་ལྔ་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་ལ་ལག་བསྟར་བྱས་པའི་དཀར་མཛེས་ཁུལ་དང་རྔ་པ་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་ཡང་དག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། དཀར་མཛེས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གཡུང་དྲུང་གིས“སློབ་ཡོན་མི་དགོས་པའི་སློབ་གསོ་དེས་ས་གནས་དེ་གའི་མི་སེར་གྱི་ལྟ་བར་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་ཕྲུ་གུར་དཔེ་དེབ་མང་ཙམ་ལྟ་རུ་འཇུག་གི་ཡོད། ད་ཆ་ང་ཚོའི་ཁུལ་ནང་གི་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གི་སློབ་གྲྭ་ཚང་མའི་སློབ་ཞུགས་ཚད་གཞི་ལོན་ཡོད”ཅེས་བརྗོད།
         སློབ་གསོས་མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་ལ་དབུལ་སྒྲོལ་གྱི་རྨང་གཞི་ཡག་པོ་བཏིང་ཡོད།“9+3”གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་ལག་རྩལ་འཆར་གཞི་སྔོན་ལ་ལག་བསྟར་བྱས་པའི་སི་ཁྲོན་བོད་རིགས་ས་ཁུལ་དུ་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ཁྲི་ལྷག་ཙམ་སྦྱངས་འབྲས་གཟེངས་སུ་ཐོན་ནས་སྤྱི་ཚོགས་ཐོག་ལས་ཞུགས་ཐུབ་ཡོད། མི་གཅིག་ལས་ཞུགས་ཐུབ་པ་དེས་ཁྱིམ་ཚང་ཡོངས་དབུལ་སྒྲོལ་ཐུབ་པའི་ཕན་འབྲས་རགས་ཙམ་ཐོན་བཞིན་ཡོད་པ་རེད།
         ཉི་མ་བདེ་སྐྱིད་ནི་དཀར་མཛེས་ཁུལ་རོང་བྲག་རྫོང་བལ་རི་ཤང་བལ་རི་གྲོང་ཚོའི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་ལག་རྩལ་འཆར་གཞིའི་སློབ་ཐོན་སློབ་མ་ཐོག་མའི་གྲས་ཤིག་ཡིན་ཞིང་། ཁོང་གིས“9+3”གྱི་འཆར་གཞིའི་ནང་མ་ཞུགས་གོང་འབྲིང་རྒྱུགས་མ་ལོན་པར་ཁྱིམ་དུ་སྐྱིད་འདོད་ལས་གཡོལ་བྱས་ནས་སྡོད་ཀྱི་ཡོད། ད་ཆ་ང་རང་ཁྲེང་ཏུའུ་རུ་4Sརླངས་འཁོར་ཉམས་གསོ་ཁང་ཞིག་ཏུ་རྩི་གཏོང་མཁན་ཞིག་བྱས་ནས་སྡོད་ཀྱི་ཡོད། ཟླ་རེར་ཆ་སྙོམས་སྒོར་5000ལྷག་ཙམ་ཡོང་གི་འདུག ཕ་མ་ནད་གཞི་ལྟ་བ་དང་གཅེན་པོ་སློབ་ཆེན་འགྲིམ་པའི་འཚོ་བའི་འགྲོ་གྲོན་ཚང་མ་ངས་གཏོང་གི་ཡོད་པས་ཕ་མ་གཉིས་པོ་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།