འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་ཟུར་བྲིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་22ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་ཟུར་བྲིས།
         “ཐུགས་རྗེ་ཆེ། ཐུགས་རྗེ་ཆེ”ཞེས་ཚེས་17ཉིན་གྱི་སྔ་དྲོ་ལོ་68ལ་སོན་པའི་བོད་རིགས་ཨ་མ་རྒན་མོ་སྤེན་མཚོ་སྨན་དོན་མི་སྣའི་སྐྱོར་རོགས་འོག་བོད་ལྗོངས་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གཤགས་བཅོས་ཁང་ནས་དོན་ཡོང་སྐབས་དེ་ལྟར་བཤད། ཁོང་གིས་ཀྲེ་ཅང་བོད་སྐྱོར་སྨན་པ་ཅང་ཕང་ཀྲེང་གི་ལག་ནས་འཇུས་ཏེ“ཐུགས་རྗེ་ཆེ”ཞེས་ཡང་ནས་ཡང་དུ་བཤད།
         བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་གི་རྒན་མོ་སྤེན་མཚོ་ལོ་གཉིས་གོང་སྐྱ་འགྲིབ་ཕོག་ནས་མིག་གཡོན་མའི་མིག་ཤེས་ཤོར་ཏེ་འཚོ་བ་རང་མགོ་མ་ཐོན་པར་འགྱུར། སྤེན་མཚོས“སྐབས་དེ་དུས་རང་ཉིད་མི་གོ་མི་ཆོད་མཁན་ཞིག་རེད་བསམ་གྱི་འདུག”ཅེས་བཤད།
         གཤགས་བཅོས་ཁང་གི་ཕྱི་རུ་རྒན་མོའི་བུ་རིན་ཆེན་ལྷུན་གྲུབ་ཀྱིས་གསར་འགོད་པར“ང་ལ་ཕྲུ་གུ་གསུམ་ཡོད། ཕྲུ་གུ་རྒན་པ་ལོ་11ལ་སླེབས་ཀྱི་ཡོད། ཕྲུ་གུ་ཆུང་ཤོས་དེ་ལོ་1ལྷག་ཙམ་སླེབས་ཀྱི་ཡོད། བཟའ་ཟླས་ཕྲུ་གུར་ལྟ་རྟོག་བྱེད་དགོས་ལ་རྒད་མོར་ཞབས་ཕྱིའང་ཞུ་དགོས་ཀྱི་ཡོད། ང་ནི་ཕྱི་ཕྱོགས་སུ་གླ་པར་སྐྱོད་དགོས་པས་འཚོ་བར་དཀའ་ངལ་ཆེན་པོ་འདུག”ཅེས་བཤད་བྱུང་།
         ནག་ཆུ་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དང་མཚོ་བོད་ས་མཐོའི་དཀྱིལ་དབུས་སུ་གནས་ཡོད་པས་ཁོངས་གཏོགས་ས་ཆའི་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་གྱི་ཡོད། དེ་གར་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་རང་བྱུང་ཆ་རྐྱེན་ཞན་པས“ལམ་ཐག་རིང་ཤོས་མངའ་རིས་དང་དཀའ་ཚེགས་ཆེ་ཤོས་ནག་ཆུ་ཡིན”ཞེས་པའི་ཤོད་སྲོལ་ཡོད།
         ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཕང་ཧྲི་མིང་གིས“ས་མཐོར་སྨུག་ཕྱིའི་འོད་ཤུགས་ཆེ་བས་སྐྱ་འགྲིབ་ཕོག་མཁན་ནང་ས་ལས་མང་བ་ཡོད། ནད་པའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་དང་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་རྗེས་ལུས་ཐེབས་པ་སོགས་ཀྱིས་རྐྱེན་པས་སྤེན་མཚོ་ལྟ་བུའི་ནད་པ་མང་པོ་སྐྱ་འགྲིབ་ཕོག་རྗེས་དུས་ཐོག་ཏུ་སྨན་བཅོས་མི་ཐོབ་སྟབས་བསྐྱར་མཐོང་གི་གོ་སྐབས་ཡག་ཤོས་ཤོར་འགྲོ་གི་ཡོད”ཅེས་ངོ་སྤྲོད་བྱས།
         2014ལོར་ཀྲེ་ཅང་བོད་སྐྱོར་བཀོད་འདོམས་པུའུ་སྐབས་བདུན་པ་དང་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་སྦྲེལ་མཐུད་བྱས་ཏེ“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”སྤེལ། བྱ་སྤྱོད་དེ་ཀྲེ་ཅང་བོད་སྐྱོར་བཀོད་འདོམས་པུས་མ་དངུལ་བཏང་བ་དང་མིག་ནད་ཆེད་ལས་ཚན་ཁག་གི་རིགས་གཅིག་མཁས་ཅན་བོད་དུ་འདེམས་གཏོང་བྱས་ཏེ་ལོ་གསུམ་ནང་ཚུན་དུ་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་ལ་མིག་ནད་ཚན་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་དང་ས་གནས་དེ་གའི་སྐྱ་འགྲིབ་ཕོག་མཁན་200ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།
         ཟླ་གསུམ་པར་ནང་སའི་ས་ཆ་མང་པོར་དྲོད་སླེབས་ནས་མེ་ཏོག་རབ་ཏུ་བཞད་ནའང་ནག་ཆུར་སྔར་བཞིན་དགུན་དུས་ཀྱི་རྣམ་པས་ཁེངས་ནས་ཡོད། ཚེས་17ཉིན་གྱི་མཚན་མོའི་དྲོད་ཚད་ཧྲེ་ཧྲི་ཀླད་སྐོར་འོག་གི་14ཟིན་པ་དང་མཁའ་རླུང་ཁྲོད་ཀྱི་གསོ་རླུང་འདུས་ཚད་ས་བབ་དམའ་བའི་ས་ཁུལ་དང་བསྡུར་ན་40%ཙམ་ལས་མེད།
         ཀྲེ་ཅང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱི་རོགས་རམ་མཛུབ་ཁྲིད་འོག་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་བཅོས་ཆུ་ཚད་མྱུར་ནས་མྱུར་དུ་མཐོ་རུ་ཕྱིན་ཡོད། སྨན་པ་ཁག་གཅིག་གིས་རང་རྐྱ་འཕེལ་བའི་ངང་སྐྱ་འགྲིབ་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད། མིག་ནད་ཚན་ཁག་གི་ཀྲུའུ་རེན་མིག་དམར་ནི་ཁོང་ཚོའི་གྲས་ཤིག་ཡིན།
         སྨན་པ་མིག་དམར་གྱིས“ནམ་ཡང་ཁ་མི་འབྲལ་བའི་སྨན་བཅོས་རུ་ཁག་དེ་ཡོད་པས་སྐྱ་འགྲིབ་ཕོག་པའི་ནད་པར་ནག་ཆུར་ནང་སའི་སྔོན་ཐོན་གྱི་སྨན་བཅོས་བྱེད་ཐུབ”ཅེས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད་བྱུང་།
         སྨན་སྐྱོང་བས་ཨ་མ་སྤེན་མཚོ་བསུས་རྗེས་ཆུ་ཚོད་24སོང་ཚེ་རྒན་མོའི་མིག་གི་ཚེམ་བུ་བཀྲོལ་ཆོག་ཅེས་བཤད།
         སྨན་ཁང་ཕྱི་རུ་ས་མཐོའི་བྱང་རླུང་སྔར་བཞིན་གྲང་ངར་ཆེ་ནའང་དེ་གར་ཀྲེ་ཅང་བོད་སྐྱོར་གྱི་རོགས་རམ་འོག་སྐྱ་འགྲིབ་ཕོག་པའི་ནད་པ་མང་པོ་ཞིག་གི་སེམས་ནང་དྲོ་ལྷང་ལྷང་གི་ཚོར་བ་ཞིག་སྟེར་བཞིན་ཡོད།
    ༄༅།།“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་ཟུར་བྲིས།
    ༄༅།།“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་ཟུར་བྲིས།
    ༄༅།།“ཀྲེ་ཅང་བོད་སྐྱོར། འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་ཟུར་བྲིས།
      

    ཕྱོགས་བསྡུས་གསར་འགྱུར།