འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཙོར་བརྟེན་ནས་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ། ཁྲིམས་སྐྱོང་ལ་བརྟེན་
    ནས་སྒྱུར་བཅོས་དང་འཕེལ་རྒྱས་སྲུང་སྐྱོང་བྱེད།

    —— སྤྲོ་སེམས་འཁོལ་བའི་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བར་བཀྲ་ཤིས་བདེ་ལེགས་ཞུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         སྤྱི་ཡོངས་ལ་བལྟ་བ་དང་། དུས་བབ་ལ་ཞིབ་བཤེར། དོན་ཆེན་ལ་གྲོས་བསྡུར། ཇུས་ཆེན་དོན་གཉེར་བཅས་ཀྱི་རྣམ་པའི་ཁྲོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་ཟླ་3ཚེས་16ཉིན་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་ཞིང་། ད་ཐེངས་ཚོགས་ཆེན་ནང་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་འབྲེལ་ཁྲིམས་གཏན་འཁེལ་བའི་བརྒྱུད་རིམ་ལ་ནན་པོར་གཞིགས་པའི་ཐོག་འཐུས་མི་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་འགན་འཁྲི་གཙང་སྒྲུབ་དང་སེམས་ནུས་གཅིག་འགྲིལ་གྱིས་སླར་ཡང་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཟིལ་རླབས་དགུང་འཕྱུར་གྱི་དུས་རབས་ཀྱི་ཤོག་ལྷེའི་ཐོག་སླར་ཡང་བཀོད་ཡོད། ཚོགས་ཆེན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་མི་སེམས་ལ་སྐུལ་མ་ཐེབས་པས་ང་ཚོས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         འགོ་འཛུགས་པའི་གཙོ་གནད་ཁྲིད་སྟོན་ལ་ཐུག རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ཇུས་འགོད་ལ་ཐུག ད་ཐེངས་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་དང་། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བྱུང་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་ཐུན་མོང་གི་འདུན་པ་གཅིག་སྡུད་ཐོག་མཚོན་པ་དེ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ནུས་ལྡན་གཅིག་གྱུར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། ཏང་གི་འདོད་ཚུལ་ཁྲིམས་གཏན་གྱི་བརྒྱུད་རིམ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འདོད་བློར་འགྱུར་བའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་དེ་བྱ་སྤྱོད་ཀྱི་རྩ་འཛིན་དང་། སྒྱུར་བཅོས་གསར་གཏོད། འབད་འབུངས་ཡར་བརྩོན། འགག་སྒྲོལ་དཀའ་སེལ་བཅས་སུ་བརྩིས་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐད་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་སྲིད་སྐྱོང་སྟངས་ཀྱི་ཡུལ་ཁམས་གསར་པ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་ཡིན།
         དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱ་རྒྱུ་དང་། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ལེན་རྒྱུ་བཅས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ང་ཚོར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་པོ་དེ་འདྲ་འཕྲད་མྱོང་མེད་ལ། འགལ་ཟླ་དང་། ཉེན་ཁ། འགྲན་སློང་བཅས་མང་པོ་དེ་འདྲའང་འཕྲད་མྱོང་མེད། ལས་འགན་ཇི་ཙམ་ལྕི་བ་དང་འགྲན་སློང་ཇི་ཙམ་ཆེ་ན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དེ་བས་ལེགས་པ་ཐུབ་ནས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་མི་སེམས་གཅིག་སྡུད་བྱེད་ཐུབ། ཁྲིམས་སྐྱོང་ཚད་ལྡན་དང་འགན་ལེན་ནུས་པ་དེ་བས་འདོན་སྤེལ་བྱས་ཏེ་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་སྐྱོང་སྲོལ་ལམ་ཐོག་འཇོག་པའི་ཐད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོའི་ཕྲག་ཐོག་གི་ལས་འགན་ལྕི་ལ་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཁུར་ཡོད།
         མི་སེམས་གཅིག་ཏུ་སྒྲིལ་ན་རི་བོ་ཐའེ་ཧྲན་སྤོ་ཐུབ། ཁྲིམས་སྐྱོང་དར་ན་རྒྱལ་ཁབ་སྟོབས་འབྱོར་ལྡན། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་དང་ཁྲིམས་འཛུགས་ཐོག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའམ་ཡང་ན་ཁྲིམས་འཛུགས་ཆོས་ཉིད་ལ་བསྟུན་པ་དང་སྟངས་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ན། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱོང་མཁས་བྱ་རྒྱུ་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་ལྟ་སྐུལ་གྱི་འགན་དབང་སྤྱད་དེ“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ཁྲིམས་ལྟར་སྲིད་འཛིན་དང་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བའམ་ཡང་ན་ཏང་ཀྲུང་དབྱང་གིས་བཏོན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། སྒྱུར་བཅོས་བྱེད་ཐབས། ཁྲིམས་སྐྱོང་བླང་བྱ་བཅས་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟི་བརྗིད་ཀྱི་འོས་འགན་ཁུར་ཡོད་ལ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཡང་འཁུར་ཡོད། དམངས་གཙོའི་ཐོག་ནས་མི་སེམས་གཅིག་སྒྲིལ་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་སྲུང་རྒྱུ་མཐའ་འཁྱོངས་བྱེད་དགོས། དུས་བབ་རྙོག་འཛིང་དང་དེར་འགྱུར་ལྡོག་གང་བྱུང་ཡང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་སྐད་བཟང་མཐོན་པོའི་གླུ་དབྱངས་ཁྲོད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ངེས་ཡིན།
         མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན། དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མེད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་བས་མེད། དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དམངས་གཙོའི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་དགོས་ན། ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་སྲོལ་དང་སྟེགས་བུ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ་དང་གོང་ཞུའི་ཐབས་ལམ་ཡངས་སུ་གཏོང་བ་དང་ཤར་གཏོང་ཐུབ་པ་བྱས་ཏེ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་འཐུས་ཚང་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པ་བྱས་ཏེ་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཆེད་རྫོགས་མཐའ་མེད་པའི་སྒུལ་ཤུགས་གཅིག་སྡུད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཆེའི་ལམ་ལུགས་འགན་ལེན་ཡོང་བ་བྱེད་དགོས།
         དངོས་སྒྲུབ་བྱས་ན་གཞི་ནས་དུས་རབས་གོམ་སྟབས་ཀྱི་རྗེས་ཟིན་ཐུབ། འབད་འབུངས་བྱས་ཚེ་གཞི་ནས་ལོ་རྒྱུས་ཀྱི་གོ་སྐབས་བཟུང་ཐུབ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་གསར་གཏོད་ཡར་བརྩོན་གྱི་བློ་སྟོབས་དང་། སྔོན་དུ་སྒྲུབ་ཕོད་པའི་ངར་ཤུགས། ཡར་ངོའི་ཟླ་ལྟར་གྱི་སྐྱེ་སྟོབས་བཅས་རྒྱུན་འཁྱོངས་བྱས་ཚེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་མི་དམངས་འཐུས་ཚོགས་ཀྱིས་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་དང་འོད་སྟོང་གསར་པ་གཏོད་ཐུབ་ངེས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།