འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོས་འབྱུང་རྩ་ནས་གློག་འཕྲིན་གྱི་ཁ་བསླུས་ལ་དོགས་ཟོན་བྱ་རྒྱུའི་རེ་འབོད་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཐུས་མི་དང་ཨུ་ཡོན་ཚོས་མི་སྒེར་གྱི་ཆ་འཕྲིན་ལྐོག་ཚོང་སོགས་གློག་འཕྲིན་གྱི་ཁ་བསླུས་ལ་འབྱུང་རྩ་ནས་རྡུང་རྡེག་གཏོང་བ་དང་གློག་འཕྲིན་དང་དངུལ་རྩའི་ལས་རིགས་ཀྱིས་དངོས་མིང་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་མ་བཏང་སྟེ། གློག་འཕྲིན་གྱི་ཁ་བསླུས་ལ་ངོ་རྒོལ་བྱ་རྒྱུ་དེ་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་ལག་ནང་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད།
         འབྲེལ་ཡོད་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2015ལོ་ཁོ་ནར་ཧྲང་ཧའེ་གྲོང་ཁྱེར་གྱིས་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་ཁག་4209རྩད་གཅོད་ཐུབ་པ་དེ་དུས་མཚུངས་ལས་64.8%མང་དུ་སོང་བ་དང་། ལས་སྟེགས་དང་ནག་ཚང་ཁྱོན་197མེད་པ་བཟོས་པ་དེ་དུས་མཚུངས་ལས་18.7%མང་དུ་སོང་བ། གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་ལས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་15ཕོག་པ་སོགས་དངུལ་སྨར་གྱི་གྲངས་ཚད་སྒོར་ཁྲི་སྟོང་ཟིན་པའི་གྱོད་གཞི་ཆེན་པོ་ཐོན་ཡོད་པ་རེད།
         སྲོལ་རྒྱུན་གྱི་བག་ཆགས་ཁྲོད་རྒན་རྒོན་ཚོ་གློག་འཕྲིན་གྱི་ཁ་བསླུས་རྒྱག་ཡུལ་དུ་འགྱུར་སླ་པོ་ཡོད། འོན་ཀྱང་གློག་འཕྲིན་གྱི་ཁ་བསླུས་ལག་རྩལ་མཐོ་རུ་ཕྱིན་པ་དང་སྦྲགས། གཡོ་ཐབས་གསར་པ་སྣ་ཚོགས་སྤྱད་རྐྱེན་མི་མང་པོ་ཞིག་ཀྱང་སྔ་རྗེས་སུ་གཡོ་འོག་ཏུ་ཚུད་ཡོད་པ་རེད།
         མཐོ་སློབ་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གིས། ང་ཚོའི་སློབ་གྲྭས་རྒྱལ་ཁབ་ཀྱི“མི་སྟོང་གི་འཆར་གཞི”ལག་ལེན་བསྟར་ནས་གདན་དྲངས་པའི་རིགས་གཅིག་མཁས་ཅན་ཞིག་རྒྱལ་ནང་དུ་ཕྱིར་ལོག་མ་ཐག་ཉེན་རྟོག་ཕྱོགས་ཀྱི་བརྟག་དཔྱད་ལ་གཞོགས་འདེགས་བྱེད་དགོས་ཚུལ་བརྗོད་དེ་དངུལ་རྣམས་བདེ་འཇགས་ཀྱི་རྩིས་ཁྲའི་ནང་བསྒྱུར་བཅུག་པས་མཐར་སྒོར་ཁྲི་བཅུ་གྲངས་གློག་འཕྲིན་གྱི་ཁ་བསླུས་ཤོར་བ་རེད་ཅེས་བཤད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཧྲང་ཧའེ་གྲོང་ཨུད་ཀྱི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀའོ་མེ་ཆིང་གིས་གློག་འཕྲིན་གྱི་ཁ་བསླུས་སྨྱོ་ཧམ་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཉེས་གསོག་མ་གནས་དམའ་བ་དང་ཡོང་སྒོ་ཆེ་བས་རེད། འགྲོ་སོང་སྒོར་ཟུར་ལས་གཏོང་མི་དགོས་པའི་འཕྲིན་ཐུང་ཞིག་གིས་གནོད་འཚེ་ཕོག་མཁན་ལ་གྱོང་གུན་ཚབས་ཆེན་བཟོ་ཡི་ཡོད། དངོས་སུ་གྱོད་གཞི་རྩད་གཅོད་ཐུབ་ཚད་དང་ཁྲིམས་སྦྱོར་བྱེད་ཚད་ཚང་མ་ཧ་ཅང་དམའ་པོ་ཡིན་སྟབས་ཉེས་ཅན་རྣམས་བློ་ཁོག་ཆེ་རུ་འགྲོ་བའི་ངོས་འཛིན་གནང་བ་རེད།
         གློག་འཕྲིན་གྱི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཐད་སྤྱི་བདེ་ལས་ཁུངས་ཀྱིས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཀྱང་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་པ་སྟེ། མྱུལ་ཞིབ་དཀའ་བ་དང་གཅིག དཔང་རྟགས་འཚོལ་དཀའ་བ་དང་གཉིས། དངུལ་དེད་དཀའ་བ་དང་གསུམ་བཅས་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཏུང་ཧྭ་སློབ་ཆེན་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡན་ཁྲེང་ཀྲུང་གིས་ཁ་བསླུས་རྒྱག་པར་ངོ་རྒོལ་བྱ་རྒྱུ་དེ་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་གྱི་མ་ལག་ནང་འཇུག་དགོས། མི་སྒེར་གྱི་ཆ་འཕྲིན་སྔར་བས་སྲུང་སྐྱོང་གང་ལེགས་བྱེད་པ་དང་དུས་མཚུངས་ཉེན་རྟོག་ཕྱོགས་དང་། དངུལ་ཁང་། གློག་འཕྲིན་གཉེར་སྐྱོང་མཁན་བཅས་དབར་ཆ་འཕྲིན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གློག་འཕྲིན་གྱི་ཁ་བསླུས་ལ་འབྱུང་རྩ་ནས་དོགས་ཟོན་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
         མི་སྒེར་གྱི་ཆ་འཕྲིན་གསང་དོན་ཕྱིར་བསྒྲགས་དང་ཉོ་ཚོང་ལ་རྡུང་རྡེག་ནན་པོ་གཏོང་བ་དང་ཕྱོགས་མཚུངས། དངུལ་ཁང་དང་གློག་འཕྲིན་གཉེར་སྐྱོང་མཁན་གྱིས་ད་དུང་ངེས་པར་དུ་དངོས་མིང་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཧྲང་ཧའེ་གྲོང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲང་ཀྲེ་རེན་གྱིས། དངུལ་ཁང་ཁག་གཅིག་གིས་གཱ་གཉེར་སྐབས་དངོས་མིང་ལམ་ལུགས་དམིགས་སར་དོན་འཁྱོལ་མི་བྱེད་པ་དང་བསྟུན་ཉེས་ཅན་པས་ཁྲིམས་འགལ་ངང་དངུལ་ཁང་ནས་གཱ་འབོར་ཆེན་གཉེར་ཏེ་ཁ་བསླུས་རྒྱག་པའི་བྱེད་སྤྱོད་སྤེལ་རྒྱུར་སྤྱོད་ཀྱི་ཡོད་ཅེས་གསུངས་པ་རེད།
         དེ་དང་ཕྱོགས་མཚུངས་དངུལ་ཁང་ལ་འཕྲལ་མར་དངུལ་སྤྲོད་མཚམས་འཇོག་པའི་བྱ་ཐབས་མི་འདང་བ་དང་གྱོད་འབྲེལ་དངུལ་འདྲི་རྩད་དང་བཀག་འཇོག་འགྲོ་ལུགས་གཉེར་རྒྱུ་རྙོག་འཛིང་ཆེ་བས། རྒྱུན་དུ“བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་མཐུན་པ”དང“དབང་ཚད་མེད་པ”སོགས་ལ་ཁག་དཀྲི་བཏགས་ནས་འཕྲལ་མར་དངུལ་སྤྲོད་མཚམས་མི་འཇོག་པ་དེས་ཉེས་ཅན་པར་དངུལ་ཁང་ནས་རྩིས་ཐོ་བསྒྱུར་ཟིན་པའི་གནོད་འཚེ་ཕོག་མཁན་གྱི་དངུལ་རྣམས་རག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།