འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེའོ་ཅིན་ཧུའེ་ཡིས་ཁྲའོ་ཞན་ནས་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་ནས་ཉིང་རྡུལ་མཚོན་ཆ་
    མེད་པ་བཟོ་བའི་ལམ་དུ་སྐྱོད་དགོས་པའི་ལྕག་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།ཚེས་15ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་ཡིས་ཁྲའོ་ཞན་ནས་དོན་མེད་སྙད་བརྐོ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོག་རྒོལ་དྲག་པོ་བྱེད་པ་དང་འབྲེལ་ཉིང་རྡུལ་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ་སོགས་མུ་མཐུད་བྱས་ན། ཧན་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         དེ་ཉིན་ཕེའོ་ཅིན་ཧུའེ་ཡིས་ཆིང་ཝ་ཐའེ་རུ་རྒྱལ་དོན་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས། ཁྲའོ་ཞན་གྱིས་ཧན་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བཀག་འདོམས་བྱ་སྤྱོད་དྲག་པོར་མི་བལྟོས་པར་ལག་པ་སྔོན་ལ་བཀྱགས་ནས་ཉིང་རྡུལ་མཚོན་ཆ་སྤྱད་དེ་རྡུང་རྡེག་གཏོང་གི་ཡིན་ཞེས་པ་སོགས་སྙད་བརྐོ་བའི་སྐད་ཆ་བཤད་ཡོད།འཛམ་གླིང་ཡོངས་ཀྱིས་ཁྲའོ་ཞན་ལ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་དགོས་པའི་བླང་བྱ་བཏོན་ཡང་། ཁྲའོ་ཞན་གྱིས་ཁ་ལ་མ་ཉན་པར་དེ་ལས་ལྡོག་སྟེ་ཉིང་རྡུལ་མཚོན་ཆ་ཚོད་ལྟ་བྱས་པ་དེ་ཐོག་ནས་རྒྱང་ཐུང་མདེལ་ལམ་ཅན་གྱི་འཕུར་མདའ་འཕེན་པ་སོགས་ཀྱི་རྩའི་སྤྱོད་ཉེན་ཁ་མུ་མཐུད་གནས་རྒྱུ་རེད་ཅེས་བཤད།
         དེ་ཉིན་ཁྲའོ་ཞན་གྱིས་ཕྱིས་སུ་ཉིང་རྡུལ་འབར་མདེལ་ཚོད་ལྟ་བྱ་རྒྱུ་དང་དེ་བཞིན་ཉིང་རྡུལ་འབར་མདེལ་གྱི་མདེལ་ལམ་ཅན་གྱི་མེ་ཤུགས་འཕུར་མདའ་འཕེན་གཏོང་ཚོད་ལྟ་བྱ་རྒྱུ་ཡིན་པའི་སྐད་ཆ་དེར་དམིགས་ན། ཕེའོ་ཅིན་ཧུའེ་ཡིས་ད་ཆ་གལ་འགངས་ཆེ་ཤོས་ནི་ཁྲའོ་ཞན་ལ་བཀག་འདོམས་བྱ་རྒྱུའི་གྲོས་ཆོད་དོན་འཁྱོལ་བྱ་རྒྱུ་དེ་ཡིན་ཞེས་བཤད། ཁོང་གིས་གལ་ཏེ་ཁྲའོ་ཞན་གྱིས་ལངས་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བའམ་ཡང་ན་སླར་ཡང་སྙད་བརྐོས་ཚེ་ཧན་གོ་སྲིད་གཞུང་དང་དམག་དཔུང་གིས་ཁ་གཏད་གཅོག་རྒྱུ་དང་འབྲེལ་འཕྲལ་མར་ཆད་གཅོད་བསླབ་འདོམས་བྱ་རྒྱུ་ཡིན། ཧན་གོ་ཕྱོགས་ཀྱིས་ད་དུང་ཨ་རི་དང་། ཀྲུང་གོ ཨུ་རུ་སུ། རི་པིན་སོགས་འབྲེལ་ཡོད་རྒྱལ་ཁབ་དང་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཚེས་15ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་ལ་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་བསྐྱོད་པའི་ལག་རྩལ་ལྡན་ཡོད། ཉིང་རྡུལ་མཚོན་ཆའི་ཕར་རྒོལ་ནུས་པ་བརྟན་པའི་རང་བཞིན་མཐོ་རུ་གཏོང་ཆེད། ཕྱིས་སུ་ཉིང་རྡུལ་འབར་མདེལ་འབར་གས་ཚོད་ལྟ་བྱ་རྒྱུ་དང་ཉིང་རྡུལ་འབར་མདེལ་བླུགས་པའི་མདེལ་ལམ་གྱི་མེ་ཤུགས་འཕུར་མདའ་སྣ་ཚོགས་འཕེན་གཏོང་གི་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
         ཟླ་འདིའི་ཚེས་2ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2270ལ་གྲོས་འཆམ་བྱས་ནས་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆ་དང་འཕུར་མདའི་འཆར་གཞིར་དམིགས་ནས་བཀག་འདོམས་བྱ་སྤྱོད་རབ་དང་རིམ་པ་གཏན་འབེབས་བྱས་པ་མ་ཟད། ཕྱོགས་དྲུག་གི་གླེང་མོལ་སླར་ཡང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་ཞི་བདེའི་བྱེད་ཐབས་བརྒྱུད་ནས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུའི་བསྐྱར་བསྒྲགས་ཀྱང་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་དང་འབྲེལ་བའི་གྲོས་ཆོད་གྲོས་འཆམ་བྱས་པ་དེར་རྒྱབ་སྐྱོར་བྱས་པ་མ་ཟད། ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་དང་འཕུར་མདའི་འཆར་གཞི་དོར་ཏེ་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།