འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚོགས་འདུ་གཉིས་ལ་འཛམ་གླིང་གིས་དོ་ཁུར་བྱེད་པ།

    ——ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ནས་མཐོང་བའི་གནས་ཚུལ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         “སྙན་ཞུ་ཉིས་སྟོང་ལྷག་ཧབ་ཐོབ་བརྒྱབ”ཀྲུང་གོའི་འཆར་གཞིས་འཛམ་གླིང་གི་མིག་དབང་འཕྲོག
         ཚོགས་འདུ་གཉིས་ནི་འཛམ་གླིང་གིས་ཀྲུང་གོར་ལྟ་བའི་སྐར་ཁུང་ཞིག་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3200ལྷག་ཙམ་ཚོགས་འདུ་གཉིས་ཀྱི་གནས་ཚུལ་འཕྲིན་སྤེལ་ནང་ཞུགས་པས་དེའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་སྟོང་ལས་བརྒལ་བ་དེ་དག་རྒྱལ་ཁབ་དང་ས་ཁུལ་65ནས་ཡོང་བའི་སྨྱན་སྦྱོར་ཚན་པ་234ཡོད་པ་རེད།
         ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་བྱེད་ཐབས་རེ་རེས་འཛམ་གླིང་གི་དབང་རྩར་གཡོ་འགུལ་ཐེབས་ཀྱི་ཡོད། ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་བའི་ཕྱི་རྒྱལ་གྱི་གསར་འགོད་པའི་སྒྲུང་གཏམ་ཆུང་གྲས་དག་ནས་འཛམ་གླིང་ལ་དེ་བས་ཁ་གསལ་དང་། སྒོ་དབྱེ། གདེང་ཚོད་ཡོད་པ་བཅས་ཀྱི་ཀྲུང་གོ་ཞིག་མངོན་པ་བྱས་ཡོད།
         འབྱུང་འགྱུར་ལོ་ལྔ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ངོས་ནས་བརྗོད་ན། ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དེ། རྒྱལ་ཁབ་དང་ས་ཁུལ་ཁག་གིས་བཏང་བའི་བཅར་འདྲི་ཚོགས་པའི་དཔུང་ཁག་ལ་བལྟས་ན་ཤེས་ཐུབ།
         “འདི་ལོ་རི་པིན་གྱི་གསར་འགོད་པའི་མི་གྲངས་ན་ནིང་གི་200ནས་འདི་ལོ་272བར་མང་དུ་ཕྱིན་པ་དང་། དབྱིན་ཇིའི་གསར་འགོད་པའི་མི་གྲངས་ན་ནིང་གི་50ལྷག་ཙམ་ནས་འདི་ལོ་115བར་མང་དུ་ཕྱིན་པ། ཨ་རིའི་སྨྱན་སྦྱོར་གྱིས་གསར་འགོད་པ་200ཙམ་བཏང་བ། ཧྥ་རན་སེ་དང་འཇར་མན་སྨྱན་སྦྱོར་གྱི་མི་གྲངས་ཚང་མ་50ལས་བརྒལ་ཡོད”ཅེས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་ཆུང་གི་ཙུའུ་ཀྲང་ཐང་རུའེ་ཡིས་གསར་འགོད་པར་དེ་ལྟར་བཤད།
         “དྲ་ཐོག་རེ་ཞུ་མགྱོགས་པོ་དེ་འདྲ་ཐག་གཅོད་ཐུབ་ཀྱི་རེད་སྙམ་མ་བྱུང”ཞེས་པ་ལས་སྒོ་དབྱེའི་ཀྲུང་གོའི་ལྷག་བསམ་དེ་བས་མངོན།
         ཚེས་13ཉིན་གྱི་ཕྱི་དྲོ། ལུའུ་ཐུའུ་གསར་འགྱུར་ཁང་དང་ཧྥང་པོ་གསར་འགྱུར་ཁང་གི་གསར་འགོད་པ་གཉིས་ཀྱིས་དྲ་ཐོག་རེ་ཞུ་བརྒྱུད་ཅུན་ཡའོ་ཚོགས་པའི་ཏུང་ཧྲེ་ཀྲང་ཝང་ཅུན་ཅིན་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བཅར་འདྲི་བྱས་ཤིང་། མིང་ཤོད་འདོད་མེད་པའི་ལུའུ་ཐུའུ་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་གིས“དྲ་ཐོག་གི་རེ་ཞུ་མགྱོགས་པོ་དེ་འདྲ་ཐག་གཅོད་ཐུབ་ཀྱི་རེད་སྙམ་མ་བྱུང”ཞེས་བཤད།
         ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲིར་སྟབས་བདེ་ཡོང་ཆེད། ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་དྲ་རྒྱའི་རེ་ཞུའི་ཐོག་ནས་བཅར་འདྲི་བྱེད་པའི་ལམ་བུ་བཏོད་ཅིང་། གསར་འགོད་པས་དྲ་ཐོག་ནས་བཅར་འདྲི་བྱེད་ཆོག་པའི་རེ་ཞུ་ཕུལ་རྗེས། འབྲེལ་བ་བྱེད་ཐུབ་མིན་ལ་མི་བལྟོས་པར་འཕྲལ་དུ་གསར་འགོད་པར་ལན་བསློགས་པ་དང་མགྱོགས་པའི་སྐབས་སུ་ཉིན་གཉིས་གསུམ་ནང་བཅར་འདྲི་བཀོད་སྒྲིག་བྱས་ཡོད།
         “ཚོགས་འདུ་གཉིས་ཀྱི་ཕྱི་རྒྱལ་གྱི་གསར་འགོད་པའི་དཔུང་ཁག”ཁྲོད་ཀྱི་མི་འདྲ་སའི་གསར་འགོད་པ། འཛམ་གླིང་ལ་གདེང་ཚོད་ཀྱིས་ཁེངས་པའི་ཀྲུང་གོ་ཞིག་མངོན་པ།
         འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག“ཚོགས་སྒྲིག”བྱས་ནས་ཚོགས་འདུ་གཉིས་ནང་ཞུགས་མཁན་ཕྱི་རྒྱལ་གྱི་གསར་འགོད་པས་མི་རྣམས་ཀྱི་ཡིད་དབང་བཀུག་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཝང་གོ་ཆིང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མགྲིན་ཚབ་པ་ ཧྥུ་ཡིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་དེ་བཞིན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡི་གསར་འགོད་པའི་ཚོགས་འདུའི་ཐོག་ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་གི་གཟུགས་བརྙན་མཐོང་རྒྱུ་ཡོད།
         ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གསར་འགྱུར་སྤེལ་རེས་ལྟེ་གནས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་གསར་འགྱུར་སྤེལ་རེས་ལྟེ་གནས་ནས་ཡིན་པ་དང་དེའི་ནང་ཨ་ཧྥེ་རི་ཁའི་གསར་འགོད་པ་20དང་ཨེ་ཤེ་ཡ་ལྷོ་མའི་གསར་འགོད་པ་7ཡོད་པ་དེ་དག“ཚོགས་འདུ་གཉིས་ལ་བཅར་འདྲི་བྱེད་མཁན་ཕྱི་རྒྱལ་གྱི་གསར་འགོད་པའི་ནང་གཞན་དང་མི་འདྲ་བ་ཞིག”ཡོད་པ་རེད།
         ཟླ་3ཚེས་2ཉིན་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནི་ཀྲི་རི་ཡའི་《ཉི་མའི་ཚགས་པར་》གྱི་རྩོམ་སྒྲིག་པ་གཙོ་བོ་ཨེ་ཁེན·དབྱི་མོ་ཝུའུ་ཡིས་ཝང་གོ་ཆིང་ལ“ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ན། མི་འབོར་མང་དུ་འགྲོ་རྒྱུ་དང་ལས་ཤོར་གྱི་གནོན་ཤུགས་མཉམ་གནས་ཀྱི་གནད་དོན་ལ་ལྟ་སྟངས་གང་འདྲ་འཛིན་མིན”གྱི་གནད་དོན་སྐོར་དྲིས་པ་རེད།
         ཙན་པི་ཡའི་《ཉིན་རེའི་སྦྲག་སྲིད་ཚགས་པར་》གྱི་གསར་འགོད་པ་ས་ཁཱ་ལས་ཀྲུང་གོ་སྲིད་གཞུང་གིས་ཚོགས་འདུ་གཉིས་ནང་ངོ་སྤྲོད་བྱས་པའི་དཔལ་འབྱོར་སྲིད་ཇུས་ནང་གི་ཨ་ཧྥེ་རི་ཁ་དང་འབྲེལ་བའི་སྐོར་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། གཉིས་ཁེ་མངོན་འགྱུར་གྱི་སྲིད་ཇུས་བྱེད་ཐབས་དེ་དག་གིས་མི་སེམས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་སྔར་བས་སྐུལ་མ་ཐེབས་ངེས་ཡིན་ཞེས་བཤད་།
         སྐད་སྒྲ་བརྒྱུད་བསྒྲགས་དང་གོ་ནོར་སེལ་རྒྱུ་དེ་ནི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་བརྗོད་དོན་ཆེན་པོ་གཉིས་ཡིན། ཚོགས་འདུ་གཉིས་བརྒྱུད་ནས“ཀྲུང་གོའི་སྐད་སྒྲ”འཛམ་གླིང་སྨྱན་སྦྱོར་གྱི་པར་ཆས་དང་སྒྲ་དུང་བརྒྱུད་འཛམ་གླིང་དུ་བརྒྱུད་བསྒྲགས་བྱས་ཏེ་འཛམ་གླིང་གིས་དེ་བས་དངོས་ཡོད་དང་། སྒོ་དབྱེ། གདེང་ཚོད་ཡོད་པ་བཅས་ཀྱི་དེང་རབས་ཀྲུང་གོ་མཐོང་ཐུབ་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།