འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་གཉེན་འཕྲད་དུ་ཡོང་བའི་དམག་མིའི་བཟའ་ཟླ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ཁོངས་ཀྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4520ཡོད་པའི་བོད་དམག་ཁུལ་གྱི་མིང་མེད་མཚེའུ་སོ་ལྟ་ཁང་དུ་ལེན་ཀྲང་ཀྲོའུ་ཐེན་པའོ་དང་ནང་ས་ནས་བོད་དུ་ལོ་གསར་གཏོང་བར་ཡོང་བའི་བཟའ་ཟླ་ལེང་ཏུང་མའེ་གཉིས་གཞི་ནས་ཐུག་འཕྲད་བྱུང་། ཀྲོའུ་ཐེན་པའོ་ཡིས་རང་ཉིད་ཀྱི་བཟའ་ཟླ་ཡོང་བ་མཐོང་མ་ཐག་མཆི་མ་འཁོར་བཞིན་དེ་མུར་གམ་དུ་བསྐྱོད་ནས་འཐམ་འཁྱུད་བྱས། རྒྱབ་ཏུ་ཡོད་པའི་འཐབ་འཛིང་པ་ཚོས་རུ་སྟར་བསྒྲིགས་ཏེ་ཐག་རིང་ནས་ཡོང་བའི་དམག་མིའི་བཟའ་ཟླར་དམག་མིའི་གུས་འདུད་ཞུས།
         ལེང་ཏུང་མའེ་ནི་ཁྲུང་ཆིང་ཡུང་ཁྲོན་ནས་ཡིན་པ་དང་ད་ལྟ་དམའ་རིམ་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་ཞིག་ཡིན། 2001ལོའི་ཟླ་བཅུ་གཉིས་པར་ཟླ་བོ་ཀྲོའུ་ཐེན་པའོ་དམག་ལ་ཞུགས་པ་དང་ཕྱིས་སུ་བོད་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་སོ་ལྟ་ཁང་གི་གྲས་ཤིག་ཡིན་པའི་མཚོ་སྣ་རྫོང་ཁོངས་ཀྱི་མིང་མེད་མཚེའུ་སོ་ལྟ་ཁང་དུ་ལས་བགོས་བརྒྱབ། དེར་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4800ལྷག་ཙམ་ཡོད་པ་དང་། ལོ་ལྟར་གངས་བབས་ནས་རི་ལམ་ཟླ་བརྒྱད་ཙམ་འགག་པ། མཁའ་རླུང་ནང་གསོ་རླུང་ལྡན་ཚད་ནང་སའི་45%ལས་ཟིན་གྱི་མེད། མིང་མེད་མཚེའུ་སོ་ལྟ་ཁང་དུ་འབྱོར་ཚུན་ཀྲོའུ་ཐེན་པའོ་ཡིས་ལོ་བཞི་བསྟུད་མར་སོ་ལྟ་ཁང་ལྟ་སྲུང་བྱས་ནས་བསྡད་ནས་ནང་མི་དང་དཔྱིད་གསར་དུས་ཆེན་དུ་མཉམ་འཛོམས་བྱུང་མེད། འདི་ལོ་མིང་མེད་མཚེའུ་སོ་ལྟ་ཁང་གི་དམག་མིའི་སྡོད་ཁང་བདེ་བླང་ངང་འཛུགས་སྐྲུན་བྱུང་ཞིང་། སྡོད་ཁང་གསར་པའི་ནང་སྤོས་མ་ཐག་ཀྲོའུ་ཐེན་པའོ་ཡིས་དེ་མ་ཉིད་དུ་བཟའ་ཟླར་ཁ་པར་བརྒྱབ་ནས་དཔྱིད་གསར་དུས་ཆེན་སོ་ལྟ་ཁང་ལ་གཏོང་བར་ཡོང་རྒྱུའི་འདུན་པ་འཆང་ཚུལ་བཤད།
         རང་ཉིད་ཟླ་བོ་ཤིན་ཏུ་དྲན་པར་བརྟེན་ལེང་ཏུང་མའེ་ཡིས་ཐེ་ཚོམ་སྤུ་ཙམ་མེད་པར་ཁ་པར་རྒྱག་མཚམས་བཞག་མ་ཐག་ཟླ་1ཚེས་19ཉིན་གྱི་ཁྲུང་ཆིང་ནས་ལྷ་ས་བར་གྱི་གནམ་གྲུའི་སྤ་སེ་ཉོས་པ་དང་དེ་ནས་རང་ཉིད་གཅིག་པུ་ས་མཐོར་གཉེན་ཉེ་འཕྲད་དུ་ཡོང་། གོང་དཀར་གནམ་ཐང་ནས་དོན་ཡོང་སྐབས་རང་གིས་བསམ་ཚོད་བྱས་པ་བཞིན་ཟླ་བོ་བསུ་བར་སླེབས་མེད། “ད་གོམས་འདུག ག་དུས་ཡོང་ནའང་ཁོང་རྟག་ཏུ་ལས་རེས་འཁེལ་གྱི་འདུག”ལེང་ཏུང་མའེ་ཡིས་སོ་ལྟ་ཁང་དུ་སྐྱོད་པའི་ལམ་དེར་ངས་ཐེངས་འགའ་ཞིག་སྐྱོད་མྱོང་ཡོད་ཅེས་བཤད།
         འོན་ཏེ་ད་རེས་སོ་ལྟ་ཁང་དུ་སྐྱོད་པའི་ལམ་བར་དུ་དཀའ་ངལ་མང་པོ་འཕྲད་ཅིང་། ཚེས་19ཉིན་གྱི་དགོང་མོ་ལྷོ་ཁ་ས་ཁུལ་དུ་གངས་ཆེན་པོ་བབས་པ་དང་ལམ་ཐོག་ཏུ་གངས་གསོག་ཐེབས་ཚད་ལི་སྨི་20ལྷག་ཙམ་ཟིན་ནས་འགྲུལ་བཞུད་བྱེད་མཁན་ལ་དཀའ་ངལ་ཆེན་པོ་བྱུང་། ཚེས་20ཉིན་གྱི་ཉིན་དགུང་ལེང་ཏུང་མའེ་ལྷོ་ཁ་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་སུ་འབྱོར་ནས་མཚོ་སྣ་རྫོང་དུ་སྐྱོད་པའི་སྤ་སེ་ཉོ་གྲབས་བྱེད་སྐབས་ལམ་འགག་པའི་དབང་གིས་མཚོ་སྣར་སྐྱོད་པའི་རླངས་འཁོར་སྤ་སེ་ཚོང་མཚམས་བཞག་པ་གཞི་ནས་ཤེས། སེམས་འཚབ་ཆེན་པོ་བྱུང་ནའང་ལྷོ་ཁའི་ཡན་ལག་དམག་ཁུལ་གྱི་དམག་མིའི་ནང་མི་བརྒྱུད་སྐྱེལ་ས་ཚིགས་སུ་ཕྱིར་ལོག་བྱས་ནས་སྒུག་སྡོད་རྒྱུ་ལས་མ་འདས།
         ཉིན་གཉིས་པར་ལམ་ཤར་གཏོང་ཐུབ་ཅིང་། ལམ་བར་དུ་ངལ་དུབ་ཆེན་པོ་བྱུང་རུང་ཆུ་ཚོད་བཅུ་ལྷག་ཙམ་བསྐྱོད་པ་བརྒྱུད་མཐར་ལེང་ཏུང་མའེ་ཟླ་བོའི་ཚན་པ་གནས་ཡུལ་ཏེ་མཐའ་མཚམས་ས་ཁུལ་དུ་ཡོད་པའི་མཚོ་སྣ་རྫོང་དུ་འབྱོར། བསམ་ཡུལ་ལས་འདས་པར་མཚོ་སྣ་རྫོང་གྲོང་དུ་གངས་དེ་ལས་ཆེ་བ་བབས་པ་དང་གངས་གསོག་ཐེབས་ཚད་དེ་བས་ཀྱང་མཐོ་བས་ལམ་ཤར་གཏོང་མ་ཐུབ་བར་རྫོང་གྲོང་དུ་མ་བསྡད་དཀའ་མེད་བྱུང་།
         ལེང་ཏུང་མའེ་ཐེ་ཚོམ་གྱི་གནས་སུ་གྱར་བའི་དུས་དེར་ཀྲོའུ་ཐེན་པའོ་གནས་ཡུལ་མཐའ་སྲུང་ལེན་ནས་གཏམ་བཟང་ཞིག་ཁྱབ་ཡོང་བ་སྟེ། མིང་མེད་མཚེའུ་སོ་ལྟ་ཁང་གི་ཀྲོའུ་ལེན་ཀྲང་གི་བཟའ་ཟླ་གངས་ཆེན་པོ་བབས་ནས་ལམ་འགག་པའི་དབང་གིས་ཟླ་བོ་དང་མཉམ་འཛོམས་བྱེད་ཐབས་བྲལ་བའི་གནས་ཚུལ་ཐོས་རྗེས་ཐོན་གྱི་ཆབ་སྲིད་ཨུ་ཡོན་ཁྲེན་ཞའོ་ཅུན་གྱིས་ལས་ཁུངས་ཀྱི་ཞབས་ཞུ་རུ་ཁག་ལམ་བཤངས་ནས་ལེང་ཏུང་མའེ་སོ་ལྟ་ཁང་དུ་སྐྱེལ་བར་མངགས། “གངས་གསོག་ཇི་འདྲ་ཐེབས་རུང་གང་ལྟར་དེ་དག་བཤངས་ནས་དམག་མིའི་ནང་མི་མིང་མེད་མཚེའུ་རུ་ཟླ་བོ་དང་མཉམ་དུ་ལོ་གསར་གཏོང་བར་སྐྱེལ་དགོས”ཞེས་ཁྲེན་ཞའོ་ཅུན་གྱིས་བཤད།
          ཚེས་22ཉིན་གྱི་སྔ་དྲོ་ལས་ཁུངས་ཀྱི་གངས་འབུད་ཞབས་ཞུ་ཡན་ལག་རུ་ཁག་གིས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5300ཡོད་པའི་ལ་ཁ་ཞིག་བར་གངས་འབུད་ནས་ལམ་བཤངས་ཤིང་། དེའི་རིང་ལ་འཐབ་འཛིང་པ་ཚོར་དཀའ་ངལ་མང་པོ་འཕྲད་རུང་ཁོང་ཚོས་སྔར་བཞིན་སེམས་ཤུགས་ཆེན་པོས་ཚང་མ་ཁྱད་བསད་བྱས། རླངས་འཁོར་ནང་དུ་ཡོད་པའི་ལེང་ཏུང་མའེ་ས་འབུད་འཕྲུལ་འཁོར་གྱི་འགེབས་སྲུང་འོག་ལམ་བར་དུ་འཁྲུག་ཆེན་པོ་བྱུང་ནའང་མཐར་སོ་ལྟ་ཁང་དུ་འབྱོར་ཙམ་བྱུང་། “ལམ་བར་དུ་དཀའ་ངལ་མང་པོ་འཕྲད་པ་ཁྱད་བསད་བྱེད་རིན་ཆོག་འདུག གང་ལགས་ཤེ་ན། དཔྱིད་གསར་དུས་ཆེན་དུ་བཟའ་ཚོ་མཉམ་འཛོམས་བྱུང་བས་རེད”ཟླ་བོ་ཐུག་འཕྲད་བྱུང་བའི་ལེང་ཏུང་མའེ་ཡིས་ང་ཚོས་སོ་ལྟ་ཁང་དུ་བཀྲ་ཤིས་པའི་ལོ་གསར་ཡག་པོ་ཞིག་གཏོང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།