འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཡུལ་སྐོར་བས་ནེའུ་ཙི་ལན་གྱི་ཡུལ་སྐོར་ལས་རིགས་ཀྱི་ཚོང་ལས་ཐད་གོ་སྐབས་ཆེན་པོ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནེའུ་ཙི་ལན་དུ་ཡུལ་སྐོར་བྱེད་མང་ཤོས་ཀྱི་དུས་ཚིགས་སུ་ནེའུ་ཙི་ལན་དུ་སླེབས་པའི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཁྲོད་ཀྲུང་གོའི་ཡུལ་སྐོར་བའི་ལྟོས་མེད་གྲངས་འབོར་མང་ཤོས་མིན་མོད། འོན་ཀྱང་འཕར་ཚད་མགྱོགས་ཤོས་ཡིན་པ་ལས་ཀྲུང་གོ་འདི་ཉིད་ནེའུ་ཙི་ལན་གྱི་ཡུལ་སྐོར་ལས་རིགས་ཀྱི་སླད་ཕྱིན་འཕེལ་རྒྱས་ཀྱི་ཁྲོམ་ར་གཙོ་བོ་དེར་གྱུར་ཡོད་པ་རེད།
         ནེའུ་ཙི་ལན་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2015ལོའི་ཟླ་11པར་ནེའུ་ཙི་ལན་དུ་སླེབས་པའི་ཀྲུང་གོའི་ཡུལ་སྐོར་བ་2014ལོའི་དུས་མཚུངས་ལས་མི་ཐེངས་9600ཡིས་མང་བ་ཡོད་པ་དང་འཕར་ཚད་35%ཟིན་ནས་མི་ཐེངས་ཁྲི་3.67ཙམ་ཟིན་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་བཏོད་ཡོད། 2015ལོའི་ཟླ་11བར་ཀྲུང་གོའི་ཡུལ་སྐོར་བ་བསྡོམས་མི་ཐེངས་ཁྲི་34.49ཙམ་གྱིས་འདས་ཟིན་པའི་ཟླ་12ནང་ནེའུ་ཙི་ལན་དུ་བསྐྱོད་པའི་གྲངས་ཚད་དེ་ཨོ་སི་ཁྲུ་ལི་ཡ་ཕུད་པའི་མང་ཤོས་ཡིན་པ་རེད།
        བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཨེ་ཤེ་ཡ་ས་ཁུལ་དེ་ཉིད་ནེའུ་ཙི་ལན་གྱི་2015ལོའི་ཡུལ་སྐོར་ལས་རིགས་ཀྱི་འགྲུལ་པ་ཡོངས་ཁུངས་གཙོ་བོ་དེར་གྱུར་བ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ཕུད་པའི་ནེའུ་ཙི་ལན་གྱི་ཡུལ་སྐོར་ཁྲོམ་ར་གཙོ་ཆེ་ཤོས་དེ་ཡིན་ཞིང་། 2015ལོར་ཨེ་ཤེ་ཡ་ནས་ཡོང་བའི་རྒྱལ་སྤྱིའི་ཡུལ་སྐོར་བའི་གྲངས་འབོར་དུས་མཚུངས་ལས་18.5%མང་དུ་ཕྱིན་ནས་མི་ཐེངས་ཁྲི་68ཙམ་ཟིན་པ་དེའི་ནང་ཀྲུང་གོའི་ཡུལ་སྐོར་བས་ཕྱེད་ཀ་ཙམ་ཟིན་ཡོད་པ་རེད།
         ནན་ཏའོ་གླིང་ཕྲན་ནི་སྔར་བཞིན་ནེའུ་ཙི་ལན་གྱི་ཡུལ་སྐོར་བྱེད་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་ཡིན་པ་དང་ལྷག་པར་དུ་ཡུལ་སྐོར་བྱེད་མང་བའི་ཁུན་སི་ཏུན་དང་ཝ་ན་ག་སོགས་གྲོང་ཁྱེར་གྱི་ཨའོ་ཐ་ཀེ་ས་ཁུལ་དུ་མཛེས་སྡུག་ལྡན་པའི་གངས་རི་དང་མཚེའུའམ་ཡང་ན་མཚོ་ཁུག་གི་མཛེས་ལྗོངས་ལ་མི་རྣམས་བློ་ཆགས་ནས་ལོག་འདོད་མེད་པར་གྱུར་གྱི་ཡོད།
         ཀྲུང་གོའི་སྤྲེལ་ལོའི་དཔྱིད་གསར་དུས་ཆེན་རིང་ཀྲུང་གོའི་ཡུལ་སྐོར་བ་ཁྲི་ཕྲག་མང་པོས་ནེའུ་ཙི་ལན་དུ་ཡུལ་སྐོར་དུ་བསྐྱོད་ནས་ནེའུ་ཙི་ལན་གྱི་ཡུལ་སྐོར་ལས་རིགས་ཀྱི་ཚོང་ལས་ཐད་གོ་སྐབས་ཆེན་པོ་བསྐྲུན་ཞིང་། 2015ལོར་ཀྲུང་གོའི་མཁའ་འགྲུལ་གཉེར་སྐྱོང་ཀུང་སི་མང་པོ་ཞིག་གིས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་ནས་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་ནམ་ཡང་ན་ནན་ཏའོ་གླིང་ཕྲན་གྱི་ལྟེ་བའི་གྲོང་ཁྱེར་ཁེ་ལའེ་སི་ཐེ་ཁྲེ་ཆིར་བསྐྱོད་པའི་ཐད་འཕུར་དུས་གཏན་གནམ་གྲུ་ཤར་གཏོང་བྱས་པ་དེས་ཀྲུང་གོའི་ཡུལ་སྐོར་བ་ནེའུ་ཙི་ལན་དུ་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།