འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་དེ་ཀྲུང་གོ་ཨར་ལས་ལས་གྲྭ་ཚོགས་པ་ཀུང་སིས་གཉེར་རྒྱུར་སྤྲོད་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནི་ཀྲེ་རི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ནོར་ཏི་སྨི·ཨ་མཱ་ཨའེ་ཆི་ཡིས་ཉེ་ཆར་རྒྱལ་ས་ཨ་པུ་ཅ་རུ་ནི་ཀྲེ་རི་ཡའི་ལྕགས་ལམ་དེ་ཀྲུང་གོ་ཨར་ལས་ལས་གྲྭ་ཚོགས་པ་ནི་ཀྲེ་རི་ཡ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཨ་མཱ་ཨའེ་ཆི་ཡིས་ཀྲུང་གོ་ཨར་ལས་ལས་གྲྭ་ཚོགས་པ་ཀུང་སིར་ནི་ཀྲེ་རི་ཡའི་ལྕགས་ལམ་མ་ལག་གཉེར་སྐྱོང་གི་ནུས་པ་ལྡན་ཡོད་པས་ཀྲུང་གོ་ཨར་ལས་ལས་གྲྭ་ཚོགས་པ་ཀུང་སིས་སྔ་ཙམ་ནི་ཀྲེ་རི་ཡ་ཕྱོགས་སུ་གཉེར་སྐྱོང་དང་། སྲུང་སྐྱོང་། འཕྲིན་གཏོང་ཐད་ཀྱི་ལག་རྩལ་གསོ་སྦྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         ཨ་གཱ་ལྕགས་ལམ་ནི་ཀྲུང་གོ་ཕྱོགས་ཀྱིས་བསྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་ལྕགས་ལམ་གྱི་དེང་རབས་ཅན་གྱི་རྣམ་གྲངས་ཀྱི་ལམ་དུམ་བུ་ཐོག་མ་དེ་ཡིན་པ་དང་ནི་ཀྲེ་རི་ཡའི་ལྕགས་ལམ་གྱི་དེང་རབས་ཅན་གྱི་རྣམ་གྲངས་ཀྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་1315ཡོད་པ་དེ་ལྷོ་ནི་ཀྲེ་རི་ཡའི་གྲོང་ཁྱེར་ཆེ་ཤོས་ལ་ཀོ་སི་ནས་བྱང་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་ཁ་ནུའོ་བར་ཡིན་པ་དང་གན་རྒྱའི་དངུལ་འབོར་ཨ་སྒོར་དུང་ཕྱུར་83ཡིན་པ་རེད།
         ཨ་མཱ་ཨའེ་ཆི་ཡིས་ལ་ཀོ་སི་ནས་ཁ་ནུའོ་བར་གྱི་ལྕགས་ལམ་དེ་ལོ་གཉིས་ནང་ལེགས་གྲུབ་ཟིན་ནས་ནི་ཀྲེ་རི་ཡར་ལས་ཞུགས་ཀྱི་གོ་སྐབས་ཁྲི་25མཁོ་འདོན་ཐུབ་རྒྱུ་དང་ལག་བསྟར་བྱེད་ལ་ཉེ་བའི་ལ་ཀོ་སི་ནས་ཁ་ལ་པའི་བར་གྱི་མཚོ་རྒྱུད་ལྕགས་ལམ་རྣམ་གྲངས་ཀྱིས་ནི་ཀྲེ་རི་ཡར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།
         2014ལོའི་ཟླ་11པར་ཀྲུང་གོ་ཨར་ལས་ལས་གྲྭ་ཚོགས་པ་ནི་ཀྲེ་རི་ཡ་ཚད་ཡོད་ཀུང་སིས་ནི་ཀྲེ་རི་ཡའི་འགྲིམ་འགྲུལ་པུའུ་དང་ནི་ཀྲེ་རི་ཡའི་མཚོ་རྒྱུད་ལྕགས་ལམ་རྣམ་གྲངས་ཀྱི་གན་རྒྱར་དངོས་སུ་མིང་རྟགས་བཀོད་པ་དང་གན་རྒྱའི་དངུལ་འབོར་ཨ་སྒོར་དུང་ཕྱུར་119.7ཟིན་ཡོད།
         ནི་ཀྲེ་རི་ཡ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་དཔལ་འབྱོར་དངོས་ཚན་དང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དེ་ཡིན་པ་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་དེང་རབས་ཅན་གྱི་ལྕགས་ལམ་དྲ་བ་དགོས་མཁོ་ཆེན་པོ་ཡོད་མོད། འོན་ཀྱང་དེ་སྔ་ནི་ཀྲེ་རི་ཡའི་ལྕགས་ལམ་དུས་རབས་གོང་མར་དབྱིན་ཇི་བས་བཟོས་པའི་ཞེང་ཆུང་བའི་ལྕགས་ལམ་ཡིན་པ་དང་མང་ཆེ་བ་སྔ་ས་ནས་མེད་པར་གྱུར་ཡོད། ཨ་གཱ་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ཨ་པུ་ཅ་ནས་གཱ་ཏུའུ་ན་བར་དེ་སྔའི་ཆུ་ཚོད་3ནས་ཆུ་ཚོད་1ཙམ་བར་ཐུང་དུ་སོང་ནས་ཨ་པུ་ཅ་དང་། ནི་ཀྲིའར་ཀྲོའུ། གཱ་ཏུའུ་ན་ཀྲོའུ་བཅས་ས་ཆ་གསུམ་དབར་གཞུང་ལམ་འགྲིམ་འགྲུལ་འགག་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ནི་ཀྲེ་རི་ཡའི་དེང་རབས་ཅན་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྗེས་སྔོན་རྩིས་ལྟར་ན་དོ་པོ་དབོར་ཚད་ཏུན་ཁྲི་8000ལས་བརྒལ་རྒྱུ་དང་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1ཙམ་ཟིན་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།