འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོ་དེ་བས་མཐོ། སེམས་ཤུགས་དེ་བས་ཆེ།

    ——— མཚོ་སྔོན་བོད་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཞིག་གིས་ནང་མིར་བསྐུར་བའི་ཡི་གེའི་མི་སེམས་འགུལ་བའི་རྒྱབ་ཕྱོགས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         “བུ། ཕ‘གར་སོང་ཆ་མེད་དུ་གྱུར་བར’འཁང་ར་མ་བྱེད་ཨང་། ང་བྱེད་རིན་ཡོད་ལ་དོན་སྙིང་ལྡན་པའི་བྱ་བ་ཞིག་བྱེད་བཞིན་ཡོད” ཉེ་ཆར། ཐེམ་ཁུངས་ཧྲང་ཧའེ་ནས་ཡིན་པའི་མཚོ་སྐྱོར་ལས་བྱེད་པ་ཞིག་གིས་ལོ་7ལ་སླེབས་པའི་བུ་ལ་བསྐུར་བའི་ཡི་གེ་ཞིག་དྲ་རྒྱའི་ཐོག་དོ་ཁུར་ཆེན་པོ་བྱེད་པ་དང་། དེས་མི་མང་པོ་ཞིག་གི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།
         “བཟའ་ཟླས་རྟག་ཏུ་བུ་ལ་ཡི་གེ་དེ་ཀློག་གི་ཡོད། གང་ལགས་ཤེ་ན། ཕྱོགས་གཅིག་ནས་གནས་ཚུལ་གསར་ཤོས་བུ་ལ་ཤོད་པ་དང་། ཕྱོགས་གཞན་ཞིག་ནས་བུའི་མཐོང་རྒྱ་ཡངས་སུ་དང་རྩོམ་འབྲིའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཆེད་རེད” ཡི་གེ་དེ་འབྲི་མཁན་ལིའུ་ཝུའེ་ཏུང་གིས་ནང་མིར་བསྐུར་བའི་ཡི་གེ་དེ་དྲ་རྒྱའི་ཐོག་བཀོད་པ་དང་དེར་ཚུར་སྣང་ལན་ཆ་ཆེན་པོ་དེ་ལྟ་བུ་ཡོད་པ་བསམ་བློར་གཏན་ནས་འཁོར་མྱོང་མེད་ཅེས་བཤད།
         ལིའུ་ཝུའེ་ཏུང་ད་ཆ་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པའི་འགན་ཁུར་བཞིན་ཡོད། 2013ལོའི་ཟླ་7པར་ཁོང་དང་དུས་ཁག་གཅིག་པ་ཡིན་པའི་ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་17རང་རྒྱལ་གྱི་བོད་རིཌ་ས་ཁུལ་གྱི་གནམ་གཤིས་སྐྱོ་ཤོས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་རྗེས་ལུས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་མགོ་ལོག་ཏུ་ཡོང་ནས་དུས་ཡུན་ལོ་3རིང་གི་རོཌ་སྐྱོར་ལས་དོན་སྒྲུབ་འགོ་ཚུགས།
         ལིའུ་ཝུའེ་ཏུང་གིས་ནང་མིར་བསྐུར་བའི་ཡི་གེའི་ནང་འདི་ལྟ་བཀོད་པ་སྟེ། “ས་མཐོ་དེ་བས་མཐོ། ‘སྤྲིན་དཀར་འཁྲིས་སུ་ཡོད་པ་དང་། ལག་པ་བརྐྱངས་ན་གནམ་ལ་རེག་པའི་སྣང་བ་ཞིག་འདུག’འབྲས་དང་ཐུག་པ་ཇི་ལྟར་བཙོས་ཀྱང་མི་ཚོས་པ་དང་། དགོང་མོ་རྟག་པར་གཉིད་མི་ཁུག་པ”དེ་རེད། དོན་དངོས་ཐོག་མྱོང་ཚོར་དེ་ལྟ་བུ་ཡོད་པའི་ནང་སའི་རོགས་སྐྱོར་ལས་བྱེད་པ་མཚོ་སྔོན་དུ་ཧ་ཅང་མང་པོ་ཡོད། 2013ལོ་ཚུན་དུ་མཚོ་སྔོན་དུ་ཡོང་མཁན་རོགས་སྐྱོར་ལས་བྱེད་པ་182ཀྱི་ཁྲོད་80%ལྷག་ཙམ་ས་བབ་སྨི་3500ལས་བརྒལ་བའི་བོད་རིགས་ས་ཁུལ་དུ་མངགས་གཏོང་བྱས་ཡོད།
         “གཞན་ཡང་། ང་ཚོ་ལོ་གཅིག་ནང་ལ་ཁྱིམ་ལ་ཐེངས་3ལས་ལོག་གི་མེད། གཉེན་ཉེ་གྲོངས་པའམ་ཡང་ན་ཕ་མར་ནད་གཞི་ལྕི་པོ་ཕོག་སྐབས་རྟག་ཏུ་འཁྲིས་སུ་སླེབས་ཀྱི་མེད། ལོ་གསུམ་ནང་ང་ཚོ་ནང་མིའི་འཁྲིས་སུ་སྡོད་རྒྱུ་མ་བྱུང་ལ་ཕྲུ་གུར་ལྟ་སྐྱོང་ཡང་བྱ་རྒྱུ་མ་བྱུང”ཞེས་པེ་ཅིང་མཚོ་སྐྱོར་ལས་བྱེད་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཁྲང་ཡོན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས་རོགས་སྐྱོར་བྱ་ཡུལ་རྫོང་གི་ཆ་སྙོམས་ས་བབ་སྨི་4500ལས་བརྒལ་བ་དང་། སྐབས་དེར་དང་བླངས་ངང་མཚོ་སྔོན་དུ་ཡོང་སྐབས་ནང་མིས་ཁ་ཏ་བསླབ་བྱ་ཡང་ཡང་བྱས། འོན་ཀྱང་ལོ་48ལ་སླེབས་པའི་ཁོང་གིས་ས་མཐོར་རོགས་སྐྱོར་བྱེད་རྒྱུའི་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རེ་མཐའ་གཅིག་ཏུ་བྱས་པ་ཡིན་ཞེས་བཤད།
         “ལས་བྱེད་པ་དེ་དག་གི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ‘བསྟོད་བསྔགས’བྱེད་ཀྱི་ཡོད། འོན་ཀྱང་གཟུགས་པོ་མི་འཕྲོད་པའི་གནས་ཚུལ་འོག་ད་དུང་རོགས་སྐྱོར་བྱེད་པར་འགྲོ་རིན་ཡོད་དམ། བོད་རིགས་ས་ཁུལ་དུ་དངོས་འབྲེལ་ཁོང་ཚོའི་རོགས་སྐྱོར་དགོས་སམ”སེམས་འགུལ་ཚད་མེད་ཐེབས་པའི་འོག་དྲ་གྲོགས་འགའ་ཞིག་གིས་དོགས་གནད་དེ་ལྟ་བུ་བསྐུར་ཡོད།
         པའོ་ཀང་ཚོགས་པའི་མཚོ་སྐྱོར་ལས་བྱེད་པ་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་གི་རྫོང་དཔོན་གཞོན་པ་ཧོང་ཏའོ་ཕུང་གིས་གསར་འགོད་པར་རང་ཉིད་མཚོ་སྔོན་དུ་མ་ཡོང་གོང་གནད་དོན་དེ་དག་ལ་བསམ་བློ་གཏོང་མྱོང་ཡོད་ཅེས་བཤད། འོན་ཀྱང་། ས་མཐོའི་རི་གྲོང་གི་ཕྲུ་གུ་ཚོ་གློག་ཀླད་དང་དྲ་རྒྱར་འབྲེལ་འདྲེས་གཏན་ནས་བྱེད་མྱོང་མེད་པ་དང་། འབྲོག་པ་རྒན་གྲས་འགའ་ཞིག་ཚེ་གང་རིང་ཟི་ལིང་དུའང་འགྲོ་མྱོང་མེད་པ་ཤེས་པ་དང་། ས་མཐོའི་གཞི་རིམ་གྱི་ལས་བྱེད་པ་མཆུ་ཏོ་སྨུག་པོ་ཡིན་པ་དང་། ཤང་དང་གྲོང་རྡལ་གྱི་རྗེས་ལུས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་འཚོ་བའི་ཆ་རྐྱེན་དེ་ལྟ་བུ་མཐོང་སྐབས་ཧོང་ཏའོ་ཕུང་གིས་རང་ཉིད་ས་མཐོར་རོགས་སྐྱོར་བྱས་ནས་སྡོད་རྒྱུའི་དོན་སྙིང་འཚོལ་ཞིབ་ཐུབ་བྱུང་ཞེས་བཤད།
         མ་དངུལ་བརྩོན་ལེན་བྱས་ནས་ཤང་དང་གྲོང་རྡལ་གྱི་ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་། ཁྱད་ལྡན་ཐོན་ལས་གཉེར་ནས་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ། འོས་འགན་སྨན་བཅོས་རུ་ཁག་ནང་འདྲེན་བྱས་ནས་བོད་རིགས་ས་ཁུལ་དུ་སྐྱོད་རྒྱུ། ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ནས“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་ཡུལ་སྐོར་ལས་རིགས་ཁྱབ་གདལ་གཏོང་རྒྱུ། ནང་སའི་སྔོན་ཐོན་གྱི་བཅོས་སྐྱོང་ཉམས་མྱོང་ནང་འདྲེན་བྱས་ནས་ས་གནས་དེ་གའི་ལས་བྱེད་པའི་བསམ་བློ་འཁྲུག་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་ལོ་མང་རིང་མཚོ་སྐྱོར་ལས་བྱེད་པས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཆེད་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།
         མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཁྲུའུ་ལྔ་པའི་ལས་དོན་པ་ཝང་ཙུང་ལིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་6གིས་མཚོ་སྐྱོར་མ་དངུལ་སྒོར་དུང་ཕྱུར་52.36དོན་འཁྱོལ་བྱས་ནས་རོགས་སྐྱོར་རྣམ་གྲངས་747ལག་བསྟར་བྱས་པ་དང་། དངུལ་དང་དངོས་པོ་ཞལ་འདེབས་ཕུལ་བ་དངུལ་ལ་ཕབ་ན་མི་དམངས་ཤོག་སྒོར་དུང་ཕྱུར་3.2ཟིན་པ་དེ་དག་ཞིང་ཆེན་དེའི་བོད་རིགས་ས་ཁུལ་གྱི་དམངས་འཚོ་དང་། དབུལ་སྐྱོར། སྨན་བཅོས། སློབ་གསོ། ཚན་རྩལ། ཏང་སྲིད་སོགས་ཀྱི་ཁྱབ་ཁོངས་ཚང་མར་ཁྱབ་ཡོད།
         “ཡུན་རིང་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་བྱས་པ་དེས་བོད་རིགས་ས་ཁུལ་རང་ངོས་འཕེལ་རྒྱས་ཀྱི‘ནང་ངོས་སྒུལ་ཤུགས’ཉམས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད”དོན་དངོས་ཐོག་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མིག་སྔར་སླད་ཕྱིན་གྱི་ལས་ཀའི་གཙོ་གནད་དེ་རྣམ་གྲངས་རོགས་སྐྱོར་བྱེད་པའི་ཕྱོགས་ནས་རིག་སྟོབས་རོགས་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུ་ཡིན་ཞེས་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་དང་དཔལ་འབྱོར་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའི་བཀོད་འདོམས་པ་ཡུལ་ཤུལ་ཀྲོའུ་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཅུན་ཧུའེ་ཡིས་བཤད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་6གིས“རིག་སྟོབས་ལ་བརྟེན་ནས་མཚོ་སྐྱོར”བྱ་ཤུགས་ཆེ་རུ་བཏང་ནས་སྟེགས་བུ་ཧུར་ཐག་བཏོད་དེ་ཀྲོའུ་ཁག་གི་ལས་ཁུངས་ཀྱི་ལས་བྱེད་པ་དང་། གྲོང་སྲིད་ལས་དོན་མི་སྣ། ལས་རིགས་ཤེས་ལྡན་མི་སྣ་བཅས་ཁག་བགོས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་དོ་དམ་གཉེར་སྐྱོང་ཉམས་མྱོང་སློབ་སྦྱོང་བྱེད་པར་མངགས་རྒྱུ་རེད། དེ་དང་ཆབས་གཅིག་བོད་རིགས་ས་ཁུལ་གྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་སློབ་མས“ས་ཆ་གཞན་དུ་སློབ་སྦྱོང”བྱེད་པར་བསྐྱོད་དེ་སློབ་གསོའི་ཐོན་ཁུངས་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་ལྕག་བཏང་ཐོག་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མར་ས་ཆ་གཞན་དུ་གསོ་སྦྱོང་དངོས་སྦྱོང་བྱེད་པའི་གོ་སྐབས་དེ་བས་མང་བ་བརྩོན་ལེན་བྱས་མཐར་མཚོ་སྔོན་ལ“གནས་ཐུབ་པའི”ས་ཆ་དེ་གའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།