འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཙེར་གྱི་གཞོན་ནུའི་དགུན་དུས་ལུས་རྩལ་རྩེ་བའི་སྤྲོ་སེམས་ཉམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང“སུའེ་ཙེར་གྱི་གངས་ཤུད་ལུས་རྩལ་འབོད་སྐུལ”མནའ་འབྲེལ་གྱི་འགན་འཁུར་བ་ཨའོ་ལེ·ལའོ་ཧོ་ཡིས་སུའེ་ཙེར་གྱི་གཞོན་ནུས་དགུན་དུས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་ཉམས་བཞིན་ཡོད་པ་དེ་ཐོག་ནས་སུའེ་ཙེར་དུ་དགུན་དུས་ལུས་རྩལ་དགའ་པོ་བྱེད་མཁན་ཉུང་དུ་འགྲོ་བ་མཚོན་གྱི་ཡོད།
         སུའེ་ཙེར་ནི་སྲོལ་རྒྱུན་གྱི་གངས་འཁྱག་རྣམ་གྲངས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཡིན་པས་རྒྱལ་དམངས་མང་པོ་དགུན་དུས་ལུས་རྩལ་ལ་ཞུགས་པའི་སྲོལ་རྒྱུན་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་སུའེ་ཙེར་གྱི་དགུན་དུས་ལུས་རྩལ་ཁྱབ་གདལ་ལ་འགྲན་སློང་འཕྲད་བཞིན་ཡོད། སུའེ་ཙེར་ཡུལ་སྐོར་ལས་རིགས་ཀྱི་2010ལོ་ནས་2013ལོ་བར་གྱི་ལྟ་ཞིབ་ཚད་ལེན་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། སུའེ་ཙེར་བ་སྤྱིར་ན་དགུན་དུས་ལུས་རྩལ་ནང་ཞུགས་ཚད་ཇེ་ཉུང་དུ་འགྲོ་བ་དང་དེའི་ཐད་སྤྱོད་པའི་དུས་ཚོད་ཀྱང་ཇེ་ཉུང་དུ་འགྲོ་བ་མཐོང་ཐུབ། ལོ་གྲངས་ཐོག་ནས་བལྟས་ན། དགུན་དུས་ལུས་རྩལ་གྱི་ལས་ཀ་བྱེད་མཁན་མི་ཚོགས་ཀྱི་ཆ་སྙོམས་ལོ་གྲངས་ཆེ་རུ་འགྲོ་བཞིན་ཡོད་པ་མཐོང་ཐུབ། སུའེ་ཙེར་གཞུང་ཕྱོགས་ཀྱིས་ལོ་5ནས་24བར་གྱི་དགུན་དུས་ལུས་རྩལ་དགའ་པོ་བྱེད་མཁན་མི་ཁྲི་17གྱི་གངས་འཁྱག་ལུས་རྩལ་ལ་དབྱིངས་མི་ཞུགས་པའི་ཚོད་དཔག་བྱས་ཡོད།
         ལའོ་ཧོ་ཡིས་སྣང་ཚུལ་དེས་སུའེ་ཙེར་གྱི་རི་ཁུལ་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ་མ་ཟད། ད་དུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གནད་དོན་དང་འབྲེལ་བ་ཆགས་ཡོད་ཅེས་བཤད།
         ལའོ་ཧོ་ཡིས་སུའེ་ཙེར་གྱི་གཞོན་ནུས་དགུན་དུས་ལུས་རྩལ་ནང་ཞུགས་པའི་ཧུར་སེམས་ཆེན་པོ་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོང་ཚོ་ཚོགས་པའི་འཚོ་བའི་ནང་ཞུགས་འདོད་ཆེན་པོ་མེད་པ་དེ་ཡིན་པའི་ངོས་འཛིན་བྱས། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ལུས་རྩལ་པུའི་གྲངས་གཞིར་གཞིགས་ན། 2005ལོ་ནས་2011ལོ་བར་སུའེ་ཙེར་གཞོན་ནུའི་གངས་ཤུད་དགུན་སྒར་20%ཉུང་དུ་སོང་བ་མངོན་ཡོད།
         སྣང་ཚུལ་དེར་དམིགས་ནས་ཉེ་བའི་ལོ་ཤས་རིང་སུའེ་ཙེར་གྱིས“དགུན་དུས་ལུས་རྩལ་ཕྲུ་གུ་ཆུང་ཆུང་ནས་དམ་འཛིན་བྱེད་དགོས”པའི་ལྟ་བ་བཏོན་ཡོད། 2014ལོ་ནས་བཟུང་སུའེ་ཙེར་གྱིས་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་སློབ་ཆུང་སློབ་མར“གངས་ཤུད་ལུས་རྩལ་ཉིན་མོའི”བྱེད་སྒོ་སྤེལ་ནས་སུའེ་ཙེར་གངས་ཤུད་གནའ་འབྲེལ་དང་། ས་ཁུལ་ཁག་གི་གངས་ཤུད་མཉམ་སྤྲོ་ཁང་། སློབ་གྲྭ་བཅས་མཉམ་ལས་བྱས་ཏེ་དགུན་དུས་སློབ་མ་ཚོ་རི་ཁུལ་གངས་ཤུད་གློད་རར་ཁྲིད་དེ་ཁོང་ཚོ་དགུན་དུས་ལུས་རྩལ་ལ་དབྱིངས་ཞུགས་སུ་འཇུག་གི་ཡོད།
         གཞན་ཡང་། ལོ་ལྟར་གྱི་དགུན་དུས་སུ་སུའེ་ཙེར་གྱི་ཐག་འདྲེན་འཁོར་ལོའི་མཐུན་ཚོགས་ཀྱིས་སློབ་འབྲིང་སློབ་མ་སྒྲིག་འཛུགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་དགུན་སྒར་བྱེད་སྒོ་སྤེལ་ནས་ཁོང་ཚོ་གངས་ཤུད་ལུས་རྩལ་ལོངས་སྤྱོད་ཐུབ་པ་དང་ཆབས་ཅིག་ཁོང་ཚོར་ཚོགས་པའི་གཞོགས་འདེགས་འདུ་ཤེས་འཇགས་པ་བྱེད་ཀྱི་ཡོད།
         སུའེ་ཙེར་གྱིས་ད་དུང་2015ལོའི་ལོ་འགོ་ནས་བཟུང་རྒྱལ་ཁབ་དྲ་རྒྱའི་སྟེགས་བུའི་ཐོག“སུའེ་ཙེར་གྱི་གངས་ཤུད་ལུས་རྩལ་འབོད་སྐུལ”བྱེད་འགོ་ཚུགས་ཡོད། དགེ་རྒན་དང་སློབ་གྲྭས་གངས་ཤུད་དགུན་སྒར་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་སྟེགས་བུ་དེའི་རིན་པ་མི་དགོས་པའི་འགྲིམ་འགྲུལ་དང་། ཟ་སྡོད། སྒོ་འཛིན་བཅས་དང་དེ་བཞིན་གངས་ཤུད་ལག་ཆ་བོགས་ལེན་དང་རྩལ་ཁྲིད་པ་གདན་ཞུ་སོགས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱས་ཏེ་དགུན་སྒར་གྱི་སྒྲིག་འཛུགས་ལས་དོན་དེ་བས་སྟབས་བདེ་རུ་ཡོང་བ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།