འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ནན་ཧྲ་གླིང་ཚོམ་དུ་རྒྱལ་ཁབ་ཀྱི་མངའ་ཁོངས་འགོག་སྲུང་གི་སྒྲིག་བཀོད་
    བཀོད་སྒྲིག་བྱས་པ་ནི་ཡོངས་སུ་ལུཌ་མཐུན་ཁྲིམས་མཐུན་ཞིག་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རིག་མཛོད་ཀྱི་སྙན་ཞུའི་ནང། སྲུང་སྐར་པར་རིས་ལས་ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ནན་ཧྲ་གླིང་ཚོམ་ཐོག་ལེ་ཏའི་སྒྲིག་བཀོད་བཟོ་སྐྲུན་བྱས་པ་མངོན་པ་དང་དེས་ཀྲུང་གོ་ཕྱོགས་ཀྱི་དམག་དོན་ནུས་པར་ཤུགས་སྣོན་རྒྱག་པ་དང་ལྷོ་མཚོའི་འཐབ་ཇུས་གནས་བབ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་འཁོད་པར་ཚེས་23ཉིན་རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་འགོག་སྲུང་སྒྲིག་བཀོད་བཀོད་སྒྲིག་བྱས་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་བདག་དབང་རྒྱལ་ཁབ་ལ་སྤྲད་པའི་བདག་སྲུང་དབང་ཆ་དང་རང་སྲུང་དབང་ཆ་སྤྱད་པ་ཞིག་ཡིན་པས་ཡོངས་སུ་ལུགས་མཐུན་དང་ཁྲིམས་མཐུན་ཞིག་རེད། ཀྲུང་གོས་ལུགས་མཐུན་དང་ཁྲིམས་མཐུན་ངང་གླིང་ཚོམ་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་བར་ཨ་རི་ཕྱོགས་ཀྱིས་སྐྱོན་འཛུགས་ཡང་ཡང་བྱེད་པ་ནི་དམིགས་ཡུལ་གཞན་བཅངས་པའི་སྦིར་སྒྲོག་བཟོས་པ་ཞིག་རེད་ཅེས་བསྟན་པ་རེད།
         གོང་གསལ་གྱི་ལན་དེ་དག་ནི་རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱིས་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་བཏབ་པ་ཞིག་ཡིན་ཞིང་། གསར་འགོད་པས། ཨ་རིའི་རིག་མཛོད་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། སྲུང་སྐར་པར་རིས་ལས་ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ཧྭ་ཡང་གླིང་ཚོམ་དང་། ཏུང་མོན་གླིང་ཚོམ། ནན་ཤུན་གླིང་ཚོམ། ཁྲེ་ཀྭ་གླིང་ཚོམ་སོགས་ནན་ཧྲ་གླིང་ཚོམ་ཐོག་ལེ་ཏའི་སྒྲིག་བཀོད་བཟོ་སྐྲུན་བྱས་པ་མངོན་པ་དང་དེས་ཀྲུང་གོའི་དམག་དོན་ནུས་པར་ཤུགས་སྣོན་རྒྱག་རྒྱུ་དང་ལྷོ་མཚོའི་འཐབ་ཇུས་གནས་བབ་ལ་ཤུགས་རྐྱེན་ཐེབས་ཡོད། སླད་ཕྱིན་ཀྲུང་གོས་སྒྲིག་བཀོད་དེ་དག་སྤྱད་དེ་ལྷོ་མཚོར་མཚོ་ཐོག་དང་མཁའ་ཐོག་གཉིས་ནས་ལྟ་ཞིབ་དང་དམག་དོན་སྔོན་འགོག་གི་བྱ་ཐབས་ནུས་ལྡན་སྤེལ་ཐུབ་རྒྱུ་རེད་ཅེས་འཁོད་པར་དཔྱད་གཏམ་ཇི་འདྲ་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
         རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་མཚོའི་གླིང་ཚོམ་ཐོག་འབྲེལ་ཡོད་འཛུགས་སྐྲུན་གཙོ་བོ་ནི་དམངས་དོན་ལ་དམིགས་པ་ཞིག་ཡིན་པ་དེའི་ནང་ཕྱོགས་སྟོན་དང་གནམ་གཤིས་སོགས་ཀྱི་སྒྲིག་ཆས་ཚུད་ཡོད་པ་དང་། དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཞབས་ཞུའི་ཐོན་རྫས་དེ་བས་ལེགས་པའི་སྒོ་ནས་མཁོ་འདོན་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་གླིང་ཕྲན་ཐོག་དགོས་ངེས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་འགོག་སྲུང་གི་སྒྲིག་བཀོད་བཀོད་སྒྲིག་བྱས་པ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་བདག་དབང་རྒྱལ་ཁབ་ལ་སྤྲད་པའི་བདག་སྲུང་དབང་ཆ་དང་རང་སྲུང་དབང་ཆ་སྤྱད་པ་ཞིག་ཡིན་པས་ཡོངས་སུ་ལུགས་མཐུན་དང་ཁྲིམས་མཐུན་ཞིག་ཡིན།
         རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱིས། ཨ་རི་ཕྱོགས་ཀྱིས་ལྷོ་མཚོར་དམག་དོན་བཀོད་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་དྲག་ཤུགས་ཤུགས་ཆེན་ངོམས་པ་དང་། དམག་སྤྱོད་གྲུ་འབབ་གནམ་གྲུ་བཏང་སྟེ་ལྷོ་མཚོའི་འབྲེལ་ཡོད་གླིང་ཚོམ་གྱི་མཚོ་ཐོག་དང་མཁའ་ཐོག་ཏུ་འཕུར་ནས་འཁྲུག་རྐྱེན་སློང་བ། མནའ་མཐུན་རྒྱལ་ཁབ་དང་རོགས་ཟླའི་རྒྱལ་ཁབ་ཁག་གཅིག་བསྐོངས་ནས་མཉམ་དུ་ལྷོ་མཚོར་དམིགས་སའི་རང་བཞིན་ཧ་ཅང་ཆེ་བའི“མཉམ་འབྲེལ་དམག་སྦྱོང”དང“མཉམ་འབྲེལ་སྐོར་གཡེང”བྱས་པ་བཅས་བྱེད་ལུགས་བྱེད་སྟངས་ཚང་མ་ལྷོ་མཚོ“དམག་དོན་ཅན”གྱི་འབྱུང་རྩ་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་དེ་མཐོང་ཡང་མི་མཐོང་ཁུལ་བྱེད་ཀྱི་ཡོད། ཡིན་ནའང་ཀྲུང་གོ་ཕྱོགས་ཀྱིས་ལུགས་མཐུན་ཁྲིམས་མཐུན་གྱི་འཛུགས་སྐྲུན་བྱེད་སྒོར་སྐྱོན་འཛུགས་ཡང་ཡང་བྱས་ཏེ་རྐང་བཙུགས་ནས་ལབ་གླེང་བཟོ་བ་དང་ཛ་དྲག་གི་རྣམ་པ་བཟོ་ཡི་ཡོད་པ་ནི། དམིགས་ཡུལ་གཞན་དག་བཅངས་པའི་སྦིར་སྒྲོག་བཟོས་པ་ཞིག་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།