འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གཅན་ཚ་རྫོང་དུ་དམངས་ཡོངས་ཀྱིས་མདའ་རྩལ་འགྲན་བསྡུར་ལ་ཞུགས་ནས་
    ཐུན་མོང་ཐོག་ཚོན་མདོག་སྣ་ལྔའི་གཡང་མདའི་ཕ་ཡུལ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་བཏང་མ་ཐག་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གི་པིན་ཧོ་ལམ་མདའ་རྩལ་འགྲན་རའི་ནང་མི་ཧ་ཅང་མང་བ་དང་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་གྲང་རླུང་ལ་མི་འཛེམ་པར་2016ལོའི་གཅན་ཚ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་དང་དགུན་དུས་ཀྱི་ཞིང་འབྲོག་པའི་མདའ་རྩལ་འགྲན་བསྡུར་འགོ་འཛུགས་རྒྱུ་སྒུག་ནས་བསྡད་ཡོད།
         གཅན་ཚ་རྫོང་ཚོན་མདོག་སྣ་ལྔའི་གཡང་མདའ་མཐུན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཉེ་ཞའོ་ཀང་གིས་ད་ཐེངས་ཀྱི་འགྲན་བསྡུར་དེ་2016ལོའི་སྐབས་བཞི་པའི“ཚོན་མདོག་སྣ་ལྔའི་གཡང་མདའི”རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་བསྡུར་གོང་གི་ནང་སྦྱོང་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས་གནམ་ལོ་གསར་ཚེས་ནས་བཟུང་གཅན་ཚ་རྫོང་གི་ཤང་གྲོང་ཁག་ཏུ་ཐོག་མའི་འགྲན་བསྡུར་བྱས་པ་དང་འགྲན་བསྡུར་དེ་ལྡོག་འཁྱོག་གཞུ་དང་སྲོལ་རྒྱུན་གྱི་རྭ་གཞུའི་འགྲན་བསྡུར་གཉིས་ལ་དབྱེ་ཡོད། ཤང་གྲོང་ཁག་གི་ཨང་དང་པོ་དང་གཉིས་པ་མཐའ་མའི་རྩེར་ཐོན་བརྒྱད་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་མཐར་ཤང་གྲོང་9ཡི་ནང་ལྡོག་འཁྱོག་གཞུའི་རུ་ཁག་15དང་སྲོལ་རྒྱུན་རྭ་གཞུའི་རུ་ཁག་9ཐོན་ཏེ་ལུས་རྩལ་པ་504ད་ཐེངས་ཀྱི་དགུན་དུས་ཞིང་འབྲོག་པའི་མདའ་རྩལ་འགྲན་བསྡུར་ནང་ཞུགས་ཡོད་ཅེས་བཤད་པ་རེད།
         ཉེ་བའི་ལོ་ཤས་རིང་གཅན་ཚ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་ལུས་རྩལ་འགྲན་བསྡུར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩལ་རིག་གནས་དར་སྤེལ་ཤུགས་ཆེན་བཏང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩལ་ལུས་རྩལ་དེ་རྫོང་དེ་ཡོངས་ཀྱིས་གཙོ་གནད་ཐོག་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བའི་དམངས་ཁྲོད་ལུས་རྩལ་ཐོན་ལས་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ། “ཚོན་མདོག་སྣ་ལྔའི་གཡང་མདའི”སྤུས་རྟགས་ཧུར་ཐག་བཏོད་པ། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་བ། མི་རིགས་ཀྱི་ལུས་རྩལ་དང་། མང་ཚོགས་ཀྱི་ལུས་རྩལ། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་བཅས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ད་ཆ་གཅན་ཚ་རྫོང་དང་དེའི་ཁོངས་གཏོགས་ཤང་གྲོང་9རུ“དམངས་ཡོངས་ཀྱིས་མདའ་འཕེན་པའི”སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།