འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དབུལ་པོའི་རྫོང་54ལ་གནད་སྨིན་
    སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་550ཙམ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཤིས་ཀྱིས་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་54ལ་གནད་སྨིན་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་550ཙམ་བཏང་ནས་ས་ཁུལ་དབུལ་པོ་དེ་དག་ལ་སློབ་གསོ་འཕེལ་རྒྱས་གཏོང་རོགས་བྱས་ཏེ“མི་གཅིག་ཤེས་ལྡན་པར་འགྱུར་བ་དང་ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
         རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཆིན་པིན་གྱིས། ཀོང་ཤིས་ཀྱིས་དབུལ་པོའི་རྫོང་54དང་། དབུལ་པོའི་གྲོང་ཚོ་5000 དབུལ་པོའི་མི་འབོར་ཁྲི་538བཅས་གཏན་འཁེལ་བྱས་ཏེ་སློབ་གསོར་རོགས་སྐྱོར་བྱེད་པའི་འཆར་གཞི་ཆེན་པོ་8གནད་སྨིན་ལག་བསྟར་བྱས་ནས“གནད་སྨིན་བཞི”སྟེ། གནད་སྨིན་འཛུགས་སྐྲུན་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་མ་དངུལ་རོགས་སྐྱོར། གནད་སྨིན་ལས་ཞུགས་བཅས་དོན་འཁྱོལ་ཐུབ་པ་བྱས་ནས་དབུལ་པོ་རྩ་བའི་ཆ་ནས་མེད་པ་བཟོ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         རང་སྐྱོང་ལྗོངས་རིམ་པའི་མ་དངུལ་དང་རྣམ་གྲངས་དབུལ་པོའི་ས་ཁུལ་དུ་སྔོན་ལ་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་སྲིད་ཇུས་གསར་པ་ཐོན་པའི་རྐྱེན་གྱིས་དབུལ་པོའི་ས་ཁུལ་གྱི་སྔར་ཡོད་ཀྱི་རྣམ་གྲངས་ཀྱི་མ་དངུལ་ཉུང་དུ་གཏོང་མི་སྲིད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ད་དུང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཆེད་སྤྱོད་མ་དངུལ་ཁག་སྤྱི་འདོམས་བྱས་ནས་དབུལ་པོའི་ས་ཁུལ་དང་དབུལ་པོའི་མང་ཚོགས་ལ་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད། སྔོན་རྩིས་ལྟར་ན“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀོང་ཤིས་ཀྱིས་དབུལ་པོའི་རྫོང་54ལ་སློབ་གསོའི་རོགས་སྐྱོར་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་550ཟིན་པ་དེ་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་30%ཙམ་གྱིས་མཐོ་བ་ཡོད། ཆིན་པིན་གྱིས། མ་དངུལ་དེ་དག་དབུལ་པོའི་རྫོང་གི་སློབ་གྲྭ་གསར་བསྐྲུན་དང་ཡིག་ཚགས་དང་གཱ་བཟོས་ནས་དབུལ་པོའི་དུད་ཚང་གི་ཕྲུ་གུའི་སློབ་སྦྱོང་ལ་རོགས་རམ་བྱེད་པའི་ཐད་སྔོན་ལ་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་ཀོང་ཤིས་ཀྱི་གྲོང་གསེབ་ཀྱི་དབུལ་པོའི་གཞི་ཁྱོན་ཆེ་བ་དང་། དབུལ་པོའི་མི་འབོར་མང་བ། དབུལ་པོའི་ཚད་གཞི་མཐོ་བ་བཅས་ཡོད་པས་དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་གཙོ་གནད་རྫོང་54ཡིས་ས་ཆ་དེ་གའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཕྱེད་ཀ་ཟིན་ཡོད་པ་དང་དབུལ་པོའི་གྲོང་ཚོ་5000གིས་ས་ཆ་དེ་གའི་སྲིད་འཛིན་གྲོང་ཚོའི་གསུམ་ཆ་གཅིག་ཡན་ཟིན་ནས་ཀོང་ཤིས་ནི་རྒྱལ་ཡོངས་ཀྱི་དབུལ་པོའི་མི་འབོར་ཁྲི་500ལས་བརྒལ་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་གྲས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།