འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིན་བརྒྱད་ནས་ཆུ་ཚོད་བཅུའི་བར་ཕ་ཡུལ་དུ་ལོག་པའི་ལམ་བུ་བདེ་རུ་ཕྱིན་པ།

    ——“བོད་སྐྱོད་པ་རྒན་གྲས”ཤིག་གི་དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོག་པའི་ལམ་བུར་འགྱུར་ལྡོག་འགྲོ་ཚུལ་གྱི་མཐོང་ཐོས་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         དུས་ཚོད་ཡུད་ཙམ་ཞིག་རིང་ལོ་41ལ་སླེབས་པའི་ཡོན་ཡུང་བོད་ལྗོངས་མངའ་རིས་ས་ཁུལ་དུ་ལས་ཀ་བྱས་ནས་ལོ་15འདས།
         ཡིན་ནའང་ཉེ་བའི་ལོ་ཤས་རིང་ཁོང་གཞི་ནས་ལོ་ལྟར་དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོ་གསར་གཏོང་བར་སྐྱོད་པའི་གོ་སྐབས་བྱུང་ཡོད།
         ཡོན་ཡུང་གི་ཕ་ཡུལ་ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་ལིན་ཧྲི་རྫོང་ནས་ཡིན་པ་དང་། ལྷ་ས་དང་བར་ཐག་སྤྱི་ལེ་3000ལྷག་ཙམ་ཆོད་པ་དང་ལྷ་ས་ནས་མངའ་རིས་བར་ད་དུང་ལམ་ཐག་སྤྱི་ལེ་1700ལྷག་ཙམ་ཡོད།
         2001ལོར་ཡོན་ཡུང་བོད་ལྗོངས་མི་རིགས་སློབ་ཆེན་ཐོན་རྗེས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་བགོས་བརྒྱབ།
         བོད་ཀྱི་ནུབ་རྒྱུད་དུ་གནས་པའི་མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་སུ་གྲགས་པ་དང་། དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པོ་ཡོད།
         ཡོན་ཡུང་གིས་བློ་ལ་བརྟན་པོར་ངེས་པ་ཞིག་ལ། 2001ལོའི་ཟླ་8ཚེས་29ཉིན་ཁོང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་ནས་ལྷ་ས་ནས་མངའ་རིས་ཕྱོགས་སུ་ཐོན་པའི་བྱ་བ་དེ་ཡིན།
         “དེ་དུས་ཉིན་མཚན་ལྔ་བསྐྱོད་རྗེས་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་སྐྱོན་ཤོར་བ་རེད”ཙེས་ཡོན་ཡུང་གིས་བརྗོད། སྐབས་དེ་དུས་རླངས་འཁོར་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བཟང་བཟང་གྲོང་རྡལ་དུ་སྐྱོན་ཤོར་བ་རེད། དེ་ཁུལ་གྱི་ས་བབ་མཐོ་ཚད་སྨི་4500ཟིན་གྱི་ཡོད། དགོང་མོ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཕྲག་ཁ་ཤས་སུ་སླེབས་པས་གྲང་ངར་བཟོད་མི་ཐུབ་པ་ཞིག་ཡོད་པ་དང་། སྟབས་ལེགས་པ་ཞིག་ལ་མི་སེམས་བཟང་ཅན་ཞིག་གིས་ཁོང་ལ་ཉལ་ཆས་ཤིག་སྤྲད་པས་ཁོང་གཞི་ནས་མཚན་མོ་དེ་སྐྱེལ་ཐུབ་པ་བྱུང་།
         རི་འཛེགས་སླ་པོ་མིན་ལ་དེ་ནས་འབབ་དེ་བས་དཀའ་ཚེགས་ཆེ་ཞེས་པ་ལྟར་2003ལོའི་ཟླ་12བར་ཡོན་ཡུང་གཞི་ནས་མངའ་རིས་ནས་ཕྱིར་ཐེངས་པོ་སྐྱོད་ཐུབ་པ་བྱུང་ཡོད།
         སྐབས་དེ་དུས་སྔ་ཙམ་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཐུབ་ཆེད་ཡོན་ཡུང་གིས་སྔོན་ལ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་ནས་ཤིན་བོད་ལམ་བརྒྱུད་ཤིན་ཅང་གི་ལྷོ་ནུབ་གཙོ་གནད་གྲོང་རྡལ་ཡེ་ཁྲེང་རུ་འབྱོར། དེ་རྗེས་སླར་ཡང་མེ་འཁོར་དུ་བསྡད་ནས་ཁུར་ལེར་འབྱོར་བ་དང་སླར་ཡང་མེ་འཁོར་དུ་བསྡད་དེ་ཝུའུ་ལུའུ་མུའུ་ཆིར་འབྱོར་བ་དང་ཡང་མེ་འཁོར་དུ་བསྡད་དེ་ཤིས་ཨན་དུ་འབྱོར་བ་དང་ཉིན་བརྒྱད་ཀྱི་དུས་ཚོད་འགྲོ་སྐྱོད་བྱས་པ་བརྒྱུད་མཐར་ཧྲན་ཤིས་ཕ་ཡུལ་དུ་འབྱོར།
         ཕ་ཡུལ་དུ་ལོག་པའི་ཉིན་བརྒྱད་ཀྱི་ལམ་བར་དུ་གེགས་མེད་བདེ་བགྲོད་དེ་ཙམ་བྱུང་མེད་ཅིང་། ཡེ་ཁྲེང་དུ་སྐྱོད་པའི་ལམ་བུ་ནི་འབར་འབུར་ཆེ་བའི་ས་རྡོའི་ལམ་ཡིན་པས་ལམ་བར་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཆུ་ཡུར་ནང་ལྷུངས་སྟབས་ཡོན་ཡུང་དང་འགྲུལ་པ་གཞན་དག་དང་དེ་བཞིན་ཁ་ལོ་བ་བཅས་རླངས་འཁོར་ནས་བབས་ཏེ་འཁྱག་པའི་ཁྲོད་རླངས་འཁོར་འབུད་འདེད་བཏང་། ཁོ་ཚོའི་རྐང་པ་འཁྱག་སྦོས་ཐེབས་རུང་རླངས་འཁོར་ཆུ་ཡུར་ནས་འདོན་མ་ཐུབ། མཚན་དགུང་དུ་ལྗིད་ཐེག་རླངས་འཁོར་ཞིག་དེ་ནས་བརྒྱུད་སྐབས་གཞི་ནས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་འཐེན་ཐུབ་པ་བྱུང་།
         “ལོ་གསུམ་ལྷག་ཙམ་གྱི་རྗེས་སུ་གཞི་ནས་བོད་ནས་ཕ་ཡུལ་དུ་ལོ་གསར་གཏོང་བ་བསྐྱོད་རྒྱུ་བྱུང་བ་དང་། ཕ་ཡུལ་དུ་ལོག་པའི་ལམ་བར་དུ་དཀའ་ཚེགས་དེ་འདྲ་འཕྲད་ཡོང་སྙམ་པ་མ་བྱུང”ཞེས་ཡོན་ཡུང་གིས་བཤད་བྱུང་།
         2004ལོར་ལྷ་ས་ནས་མངའ་རིས་ལྷོ་ངོས་སུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པས་ཡོན་ཡུང་ཕ་ཡུལ་དུ་ལོག་སྐབས་སྔོན་མ་བཞིན་ཤིན་ཅང་བརྒྱུད་ནས་སྐྱོད་མི་དགོས་པར་མི་གཞན་དང་མཉམ་དུ་རླངས་འཁོར་གླས་ནས་སྔོན་ལ་མངའ་རིས་ནས་ལྷ་སར་སྐྱོད་དགོས་པ་དང་། ལམ་ཐག་དེ་སྔའི་ཉིན་ལྔ་དང་མཚན་ལྔ་ནས་ཆུ་ཚོད་30ལྷག་ཙམ་བར་ཐུང་དུ་ཕྱིན་ཡོད། དེ་རྗེས་རླངས་འཁོར་དུ་བསྡད་དེ་ཟི་ལིང་དུ་སྐྱོད་པ་དང་ཡང་མེ་འཁོར་དུ་བསྡད་དེ་ཕ་ཡུལ་དུ་ལོག་ཐུབ་པ་དང་འགྲུལ་བཞུད་ཧྲིལ་པོར་ཉིན་དྲུག་ལྷག་ཙམ་ཐུང་དུ་ཕྱིན་ཡོད།
         2006ལོར་མཚོ་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པས་ཡོན་ཡུང་ཕ་ཡུལ་དུ་ལོག་པའི་ལམ་ཐག་དེ་བས་ཐུང་དུ་ཕྱིན་ཞིང་། རླངས་འཁོར་དུ་བསྡད་ནས་ལྷ་སར་འབྱོར་རྗེས་ཡོན་ཡུང་སླར་ཡང་མེ་འཁོར་དུ་བསྡད་ནས་ཐད་ཀར་ཤིས་ཨན་དུ་བསྐྱོད་པ་དང་དེ་རྗེས་རླངས་འཁོར་དུ་བསྡད་ནས་ཧྲན་ཤིས་ཞིང་ཆེན་གྱི་ཐའེ་ཡོན་དུ་འབྱོར་བ་དང་། འགྲུལ་བཞུད་ལམ་ཐག་ཧྲིལ་པོ་ཉིན་4ལྷག་ཙམ་ཐུང་དུ་ཕྱིན་ཡོད།
         2010ལོར་ལྷ་ས་ནས་མངའ་རིས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པས་ཡོན་ཡུང་ཕ་ཡུལ་དུ་ལོག་པའི་ལམ་ཐག་དེ་བས་ཐུང་དུ་ཕྱིན་པས་མངའ་རིས་ནས་ལྷ་ས་བར་འགྲུལ་བཞུད་ལམ་ཐག་ཆུ་ཚོད་གཉིས་ཙམ་བར་ཐུང་དུ་ཕྱིན་པ་དང་དེ་ནས་ལྷ་ས་ནས་ཐའེ་ཡོན་བར་གྱི་དུས་གཏན་གནམ་གྲུར་བསྡད་ནས་ལམ་ཐག་ཧྲིལ་པོར་ཆུ་ཚོད་10ཡང་འགོར་གྱི་མེད།
         འགྲིམ་འགྲུལ་གྱི་ཕན་པ་རྒྱུན་ཆད་མེད་པར་ལོངས་སྤྱོད་ཐུབ་པའི་ཡོན་ཡུང་གིས“ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཉིན་རེ་ལས་ཉིན་བཞིན་ལེགས་སུ་ཕྱིན་འདུག དེ་ནི་བོད་ཀྱི་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་ལས་ཕན་པ་ཐོབ་པ་དང་། ལོ་དེ་དག་ནང་སྤྱིར་ན་ལོ་ལྟར་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་ཐུབ་ཀྱི་འདུག་ལ་ཕ་ཡུལ་དུ་ལོག་པའི་ལམ་བུ་བདེ་ལ་སྐྱིད་སྣང་དོད་པ་ཞིག་འདུག”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད་བྱུང་།
         བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་བྱུང་བས་དེ་སྔ“བོད་དུ་ཡོང་དཀའ་བ”དང་“བོད་ནས་སྐྱོད་དཀའ་བའི”སྣང་ཚུལ་དེ་ཉིད་ལོ་རྒྱུས་སུ་གྱུར་ཅིང་། ད་ཆ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་ལས་གཉེར་བྱེད་པའི་མཁའ་ལམ་ཁག་63ཟིན་པ་དང་། དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་40ཟིན་པ། གཞུང་ལམ་ལམ་ཐག་སྤྱི་ལེ་7ལྷག་ཙམ་ཟིན་པ་བཅས་ཀྱི་ཁར་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བོད་སྐྱོད་མཁའ་ལམ་ཨང་གཉིས་པ་སྟེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པས“མཁའ་དབྱིངས་ཀྱི་བོད་ལྗོངས”སྔོན་ཆད་བཞིན་ཐག་མི་རིང་།
      

    ཕྱོགས་བསྡུས་གསར་འགྱུར།