འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་དྭངས་གཙང་འཐུང་ཆུ་ཁྱབ་ཚད་100%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་བཅུ་འབད་བརྩོན་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་བྱང་ཤར་མཐའ་རྒྱུད་དུ་ཆགས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཞིང་འབྲོག་གྲོང་ཚོའི་འཐུང་ཆུ་དྭངས་གཙང་མིན་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱུང་ཡོད་པ་རེད།
         ཀན་ལྷོ་ཀྲོའུ་ཆུ་དོན་ཆུ་གློག་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་ཀན་ལྷོ་ཀྲོའུ་ཡིས་ཁྱོན་ཞིང་འབྲོག་པ་ཁྲི་19.3ཡི་འཐུང་ཆུ་དྭངས་གཙང་མིན་པའི་གནད་དོན་ཐག་གཅོད་བྱས་ཤིང་། མིག་སྔར་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་ཡོད་པ་རེད། དུས་དེར་ཀྲོའུ་དེ་ཡོངས་ཀྱི་ཞིང་འབྲོག་གྲོང་ཚོའི་འཐུང་ཆུ་དྭངས་གཙང་མིན་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱུང་བ་དང་དྭངས་གཙང་འཐུང་ཆུ་ཁྱབ་ཚད་100%ཟིན་ཡོད་པ་རེད།
         ན་ནིང་ལོ་མཇུག་བར་འབྲུག་ཆུ་རྫོང་སོགས་ཀྱི་རི་ཉིལ་བའི་ཉེན་ཁ་ཆེ་བ་དང་རང་འབབ་ཆུ་ཀ་ལ་ཁྲིད་ཐབས་བྲལ་བའི་རི་ཁུལ་གྲོང་ཚོ་ཁག་གཅིག་ཕུད་ཀན་ལྷོ་ཀྲོའུ་ཡི་གྲོང་གསེབ་ཀྱི་དུད་ཚང་སྤྱིར་ན་ཚང་མར་རང་འབབ་ཆུ་ཀ་ལ་རྩ་བའི་ཆ་ནས་ཁྲིད་པ་དང་དུད་ཚང་དུ་རང་འབབ་ཆུ་ཀ་ལ་ཁྲིད་ཚད་100%ཟིན་ཡོད་པ་རེད།
         ཀན་ལྷོ་ཀྲོའུ་ཡིས་2005ལོ་ནས་བཟུང་ཞིང་འབྲོག་གྲོང་ཚོའི་དྭངས་གཙང་འཐུང་ཆུའི་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཤིང་། ལོ་བཅུའི་རིང་རིམ་རྩིས་བྱས་ན་དྭངས་གཙང་འཐུང་ཆུའི་ལས་དོན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་ཁྱོན་མི་ཁྲི་74.78ཀྱི་འཐུང་ཆུ་དྭངས་གཙང་མིན་པ་དང་འཐུང་ཆུ་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པའི་ནང་ཞིང་འབྲོག་གྲོང་ཚོའི་མི་ཁྲི་66.5དང་། སློབ་གྲྭའི་དགེ་སློབ་ཁྲི་7 དགོན་པའི་དགེ་འདུན་པ་ཁྲི་1.28བཅས་ཚུད་ཡོད་པ་རེད།
         རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་དང་ལྟག་ཆུ་མཁོ་སྤྲོད་ཀྱི་སྣོད་བཅུད་ནུས་པའི་ཁུལ་གལ་ཆེན་ཞིག་ཡིན་པའི་ཀན་ལྷོ་ཀྲོའུ་འདི་ཉིད་རྒྱལ་ཁབ་སྣོད་བཅུད་ནུས་པའི་གསར་སྤེལ་ཚོད་འཛིན་ཁུལ་དང་གསར་སྤེལ་བཀག་སྡོམ་ཁུལ་ནང་བཅུག་ཡོད་པ་རེད།
         ཀན་ལྷོ་ཀྲོའུ་ཆུ་དོན་ཆུ་གློག་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྭངས་གཙང་ཆུ་དང་བློ་བདེའི་ཆུ་འཐུང་རྒྱུ་བྱུང་རྗེས་ཞིང་འབྲོག་པའི་བདེ་ཐང་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ད་དུང་དུད་ཚང་རེ་ནས་ཆ་སྙོམས་བྱས་ན་གཞོན་དར་ངལ་རྩོལ་པ་གཅིག་ལ་བཅིངས་འགྲོལ་ཐོབ་ནས་ཕྱི་རུ་ཡོང་འབབ་གསོག་པར་སྐྱོད་མཁན་གཅིག་མང་དུ་སོང་ཡོད་པ་རེད།
         གཞན་ཡང་གསར་འགོད་པས་ཤེས་རྟོགས་བྱུང་བར། ཀན་སུའུ་ཡི་བོད་རིགས་ཁུལ་གཞན་ཞིག་སྟེ་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས“ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་དྭངས་གཙང་འཐུང་ཆུའི་ལས་གྲྭ་124ལག་ལེན་བསྟར་ཏེ་གྲོང་གསེབ་ཀྱི་མི་འབོར་ཁྲི་20.19དང་སློབ་གྲྭའི་དགེ་སློབ་5604ཡི་འཐུང་ཆུ་དྭངས་གཙང་མིན་པའི་གནད་དོན་ཐག་གཅོད་བྱས་ཤིང་། ད་ཆ་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་གྲོང་ཚོར་དྭངས་གཙང་འཐུང་ཆུ་ཁྱབ་ཚད་90%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།