འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་1.88ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་15ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཟླ་དང་པོའི་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། ཟླ་དང་པོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་1.88ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་9.8%ཆག་ཡོད། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར་1.14ཟིན་པ་དེ་6.6%ཆག་པ་དང་། ནང་འདྲེན་སྒོར་དུང་ཕྱུར་7375.4ཟིན་པ་དེ་14.4%ཆག་པ། ཉོ་ཚོང་ཧེ་བག་སྒོར་དུང་ཕྱུར་4062ཤོར་ནས་12.2%ཆེ་རུ་ཕྱིན་ཡོད།
         འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བརྟག་དཔྱད་ལ་གཞིགས་ན། ཟླ་དང་པོར་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གི་སྔོན་ཁྲིད་སྟོན་གྲངས་31.7ཟིན་པ་དེ་ན་ནིང་གི་ཟླ་12པ་དང་བསྡུར་ན་0.5འཕར་བ་དེ་ནི་2015ལོའི་ཟླ་2པ་ཚུན་གྱི་ཟླ་བསྡུར་ལས་ཐོག་མར་འཕར་ནས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན་2016ལོའི་དུས་ཚིགས་གཉིས་པར་རང་རྒྱལ་གྱི་ཕྱིར་གཏོང་གནོན་ཤུགས་ཆུང་དུ་འགྲོ་རེ་ཡོད། དེའི་ཁྲོད་དྲ་རྒྱའི་དྲིས་ལན་བརྟག་དཔྱད་ཀྱི་གྲངས་གཞིར་གཞིགས་ན། ཟླ་དང་པོར་རང་རྒྱལ་གྱི་ཕྱིར་གཏོང་སྤྱི་གཉེར་བའི་སྟོན་གྲངས་33.4ཟིན་པ་དེ་ཟླ་གོང་མ་ལས་0.7འཕར་བ་དང་། ཕྱིར་གཏོང་གི་གསར་སྣོན་མངགས་ཐོའི་སྟོན་གྲངས་1.6འཕར་ནས་33.3ཟིན་ཡོད།
         སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་ཅུང་མཐོ་རུ་ཕྱིན་ཞིང་། ཟླ་དང་པོར་རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.08ཟིན་ཞིང་། 9%ཆག་པས་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི་57.4%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5མཐོ་རུ་ཕྱིན་ཡོད།
         དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་ཚང་མ་འཕར་ཡོད་ཅིང་། ཟླ་དང་པོར་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་7730.5ཟིན་པ་དེ་1.1%འཕར་བས་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི་41.1%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.4མཐོ་རུ་ཕྱིན་ཡོད།
         ཀོང་ཏུང་སོགས་ཕྱི་ཕྱོགས་ཉོ་ཚོང་ཞིང་ཆེན་དང་གྲོང་ཁྱེར་གཙོ་བོའི་གནས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད། ཟླ་དང་པོར་ཀོང་ཏུང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་རྒྱལ་ཡོངས་ཀྱི་ཨང་དང་པོར་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་སྒོར་དུང་ཕྱུར་4627.9ཟིན་པ་དེ་4.5%ཆག་ནས་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་24.6%བཟུང་ཡོད། ཀོང་ཏུང་དང་། ཅང་སུའུ། ཧྲང་ཧའེ། ཀྲེ་ཅང་། ཧྲན་ཏུང་། ཧྥུའུ་ཅན། པེ་ཅིང་(པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཚན་པ་ཚུད་ཡོད)སོགས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་གྲངས་ཀྱིས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་གི་77.5%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.6མཐོ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།